བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པའི་ཉིན་དང་པོར་དོན་གནད་ཁག་གསུམ་ལ་སྤྱི་མོས་བྱུང་འདུག

བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པར་ཚོགས་ཞུགས་གནང་མཁན་ཆོས་བརྒྱུད་རིས་མེད་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པ་དང་། སྐུ་ཚབ། ཚོགས་བཅར་བ་བཅས་ཀྱིས་ཆོས་ཚོགས་ཉིན་དང་པོར་དོན་གནད་ཁག་གསུམ་ལ་སྤྱི་མོས་བྱུང་འདུག

ཟླ་འདིའི་ཚེས་༢ ཉིན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ༧གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་གི་ཚོགས་ཁང་དུ་ཉིན་གྲངས་གསུམ་རིང་གི་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་དབུ་འཛུགས་གནང་སོང་།

ཉིན་དེའི་སྔ་དྲོའི་ཆུ་ཚོད་༡༡ ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་དང་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ཀྱིས་༧གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་དུ་དབྱིན་ཡིག་ཐོག་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ་དེ་འབྲེལ་གྱི་གནས་ཚུལ་སྤེལ་གསལ་ལྟར་ན། གསར་འགོད་བསྒྲགས་གཏམ་དེའི་ནང་། སྲིད་སྐྱོང་སྤེན་པ་ཆེ་རིང་གིས་ཕྱི་ལོ་ ༢༠༡༡ ཟླ་བ་ ༩ ཚེས་ ༢༤ ཉིན། བོད་མིའི་ཆོས་ཚོགས་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཐོག བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས། “འབྱུང་འགྱུར་ཏཱ་ལའི་བླ་མའི་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་དད་ལྡན་མང་ཚོགས་ནས་ཐག་གཅོད་དགོས་པའི་གསལ་བསྒྲགས་ཕྱི་ལོ་ ༡༩༦༩ ཙམ་ནས་བྱས་ཟིན་” ཚུལ་དང་། ཡང་ “ངོས་རང་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་སོན་སྐབས་ཆོས་ལུགས་ཆོས་བརྒྱུད་བླ་ཆེན་ཁག་དང་། བོད་མིས་མཚོན། འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་བྱེད་འཆར་ཡིན།” ཞེས་སྤྱི་ཕེབས་ལ་བརྟེན། བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པ་དང་། དམིགས་བསལ་ཚོགས་ཆེན། བོད་ཕྱི་ནང་དུ་གནས་པའི་བོད་མི་སྤྱི་དང་། ཧི་མཱ་ལ་ཡའི་ས་ཁུལ་ཁག ཆེན་པོ་ཧོར། རྒྱ་ཡི་ཆོས་གྲོགས། རྒྱལ་སྤྱིའི་ཕྱི་ནང་དད་ལྡན་སོགས་ཁུངས་སོ་སོ་ནས་༸རྒྱལ་བའི་སྐུ་ཕྲེང་རྒྱུན་མཐུད་ངེས་ཕེབས་ཡོང་བ་ཞེས་གཅིག་མཇུག་གཉིས་མཐུད་དུ་གསོལ་བ་ཕུར་ཚུགས་སུ་བཏབ་པ་ལྟར། མགོན་པོ་མཆོག་ནས་ཀྱང་༸སྐུའི་གོ་སྟོན་གྱི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་འཇིག་རྟེན་ཞི་བདེ་དང་། འགྲོ་བའི་བདེ་སྐྱིད་སྒྲུབ་པའི་ཐུགས་བསྐྱེད་དམ་བཅའ་གཡེལ་མེད་ངང་ “རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་འབྲེལ་ཡོད་མང་ཚོགས་ཀྱི་མངོན་འདོད་བཅོས་མིན་གྱི་ལམ་ནས་ཐག་གཅོད་བྱེད་པར་ངོས་འཛིན་གྱིས་དེ་དོན་ཡོང་བའི་མོས་མཐུན་བྱེད།” ཅེས་ཞལ་བཞེས་བཟང་པོ་བཀའ་དྲིན་སྨིན་སྩོལ་བྱུང་བར། བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པར་ཚོགས་ཞུགས་ཆོས་ལུགས་ཆོས་བརྒྱུད་རིས་མེད་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པ་དང་། སྐུ་ཚབ། ཚོགས་བཅར་བ་བཅས་སྤྱི་མགྲིན་ནས་ཐུགས་རྗེ་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་བ་དང་སྦྲགས། ཆོས་ཚོགས་སུ་གཤམ་གསལ་དོན་གནད་ཁག་ལ་སྤྱི་མོས་བྱུང་བ་སྟེ།

༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་གསུང་འཕྲིན་རིན་པོ་ཆེའི་དགོངས་དོན་ཆ་ཚང་ལ་ཚོགས་བཅར་བ་ཡོངས་ནས་སྤྱི་མོས་ཀྱིས་རྒྱབ་སྐྱོར་ཞུ་རྒྱུ་དང་། གསུང་འཕྲིན་འདི་ཉིད་གསལ་བསྒྲགས་རྒྱ་གང་ཆེ་ཁྱབ་འགྲེམས་ཞུ་རྒྱུ།

༢༽ སྐུ་ཕྲེང་རྒྱུན་མཐུད་ཇི་ལྟར་བྱ་རྒྱུ་བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་ཡིན་སྟབས། རྒྱ་ནག་དམར་གཞུང་གིས་ཆབ་སྲིད་དགོས་མཁོ་ཁོ་ནར་དམིགས་ནས་༸རྒྱལ་བའི་སྐུ་ཕྲེང་རིམ་བྱོན་ཕེབས་ཕྱོགས་ཐད་ཇུས་ངན་སྣ་ཚོགས་གཤོམ་སྒྲོགས་བྱས་དང་བྱེད་བཞིན་པར་དགག་པ་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད། དུས་ནམ་ཡང་ངོས་ལེན་བྱེད་ཐབས་མེད།

༣༽ གཞིས་བྱེས་གཉིས་སུ་གནས་པའི་བོད་རིགས་དང་ནང་པའི་རྗེས་འཇུག་པ་ཡོངས་ནས་༸མགོན་པོ་མཆོག་གི་བཞེད་དགོངས་འགྲུབ་ཐབས་ལ་ཕྱར་གྲུ་མཉམ་འདེགས་ཞུ་སླད། དམ་ཚིག་རྡོག་རྩ་ཆིག་སྒྲིལ་གྱི་སྒོ་ནས་འབད་འབུངས་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཞུ་རྒྱུ་སྤྱི་མོས་གྲོས་ཆོད་དུ་བོད་ཀྱི་ཆོས་ཚོགས་ཐེངས་བཅོ་ལྔ་པར་ཚོགས་ཞུགས་པ་སྤྱི་མགྲིན་ནས་ཕྱི་ལོ་ ༢༠༢༥ ཟླ་བ་ ༧ ཚེས་ ༢ ཉིན།བཅས་འཁོད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།