བོད་མིའི་ཐུན་མོང་གི་ཐོབ་ཐང་རྡོག་རོལ་དང་བོད་ཀྱི་གཙང་པོ་རྒྱ་ནག་གི་ཁེ་བཟང་ཆེད་བཀོལ་སྤྱོད།

རྒྱ་གཞུང་གིས་བོད་ཀྱི་གཙང་པོ་རྣམས་ལ་ཆུ་རགས་དང་ཆུ་མཛོད་བརྒྱབ་ནས། ཆུ་རྣམས་རྒྱ་ནག་ལ་ཤར་གཏོང་བྱེད་འཆར་ཡོད་སྐོར་དང་། དེ་བཞིན་འཕེལ་རྒྱས་འཛུགས་སྐྲུན་གྱི་མིང་ཐོག་ནས། བོད་མིའི་ཐུན་མོང་གི་ཐོབ་ཐང་མང་པོ་ཞིག་འཕྲོག་གི་ཡོད་སྐོར་སྐུ་ཞབས་གྷེ་བྷེ་རེལ་ལཱ་ཧྥེ་ཊིས་བརྗོད་སོང་།

14741654_1285738571470550_793275796_nཟླ་འདིའི་ཚེས་༡༤ ཉིན་དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གོ་སྒྲིག་འོག ཨོ་སི་ཀྲོ་ལི་ཡ་ནས་ཡིན་པའི་ཉམས་ཞིབ་པ་དང་ཁོར་ཡུག་སྲུང་སྐྱོབ་པ་སྐུ་ཞབས་གྷེ་བྷེ་རིལ་ལཱ་ཧྥེ་ཊི་(Gaberial Lafittie)ཡིས། དེང་སང་བོད་ནང་དུ་འཕྲད་བཞིན་པའི་དཀའ་ངལ་གསར་པ་ཁག་ཅིག་དང་དེས་བོད་མི་ཚོའི་ཐུན་མོང་གི་ཐོབ་ཐང་ལ་ཤུགས་རྐྱེན་ཐེབས་ཚུལ་ཐོག་གཏམ་བཤད་གནངཡོད་པ་རེད། དེ་གར་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་གཙོས་པའི་ལས་བྱེད་རྣམས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དོ་སྣང་ཡོད་མཁན་སློབ་མ་དང་ཕྱི་རྒྱལ་བ་ཁག་ཅིག་བཅས་ཀྱིས་མཉམ་ཞུགས་བྱས་སོང་།

ཁོང་གིས་རྒྱ་ནག་གིས་ལོ་ལྔ་ཅན་གྱི་འཆར་གཞི་གསུམ་སྟེ་ཕྱི་ལོ་༢༠༡༥ ནས་༢༠༣༠ བར་ལ་བོད་ཤར་ཕྱོགས་ཁུལ་གྱི་གཙང་པོ་མང་པོ་ཞིག་གི་སྟེང་དུ་ཆུ་རགས་རྒྱག་འཆར་ཡོད་པ་དང་། གལ་ཏེ་ལས་འཆར་དེ་དག་ས་གནས་གང་དུ་ལག་ལེན་བསྟར་རྩིས་ཡོད་པ་སྔོན་ཚུད་ནས་ཤེས་ན། ས་གནས་དེ་དག་གི་ཡུལ་མི་སོགས་ལ་ཤུགས་རྐྱེན་ག་རེ་ཡོང་གི་ཡོད་མེད་དང་། ལས་འཆར་དེ་དག་ལ་འགོག་རྒོལ་བྱེད་རྒྱུར་ཕན་ཐོགས་ཡོད་སྐོར་བརྗོད་སོང་། ཁོང་གིས་ཉམས་ཞིབ་བྱས་པ་བརྒྱུད། རྒྱ་ནག་གིས་བོད་ཀྱི་གཙང་པོ་མང་པོ་ཞིག་དང་དེ་དག་ཆུ་ལག་ཡོང་རྫོགས་སྟེང་དུ་ཆུ་རགས་རྒྱག་འཆར་ཡོད་པ་དང་། ལྷག་པར་དུ་བོད་ཁམས་དཀར་མཛེས་དང་མདོ་སྨད་རྔ་པ་ཁུལ་གྱི་གཙང་པོ་ཚང་མར་ཆུ་རགས་དང་།  ཁུལ་དེར་འཛམ་གླིང་སྟེང་གི་ཆུ་རགས་མཐོ་ཤོས་མི་ཊར་༣༡༨ ཅན་ཞིག་རྒྱག་འཆར་ཡོད་པ་རེད་འདུག དེ་ཡང་དེ་སྔོན་དང་མིའདྲ་བར་ཆུ་རགས་དེ་ཆུ་མཛོད་ཆེན་པོ་ཞིག་ཏུ་བཟོས་ནས། རྒྱ་ནག་གི་གྲོང་ཁྱེར་ཁག་ལ་གློག་གཏོང་བྱེད་དང་།འབྲི་ཆུ་དེ་རྨ་ཆུ་ཁུལ་ལ་ཤར་གཏོང་བྱས་ནས། རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་རྣམས་ཀྱི་རྡོ་སོལ་བཟོ་གྲྭར་གཏོང་འཆར་ཡོད་འདུག ཁོང་གིས་སྔ་མ་བོད་པས་གཙང་པོ་རྣམས་རང་དགར་བཞག་ནས་རྒྱུག་ཏུ་བཅུག་ཡོད་ཀྱང་། དེང་གི་ཆར་རྒྱ་ནག་གིགཙང་པོ་ལས་དངུལ་བཟོ་ཡི་ཡོད་སྐོར་བརྗོད་སོང་།

ཁོང་གིས་མུ་མཐུད་དུ་རྒྱ་ནག་གིས་བོད་ནང་དུ་འཕེལ་རྒྱས་འཛུགས་སྐྲུན་དེ་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་ཐོག་ནས་ལག་ལེན་བསྟར་གྱི་ཡོད་པ་ལས། བོད་ཀྱི་ཁྱད་ཆོས་ལྡན་པ་དང་། བོད་མི་རྣམས་འཕེལ་རྒྱས་འཛུགས་སྐྲུན་ནང་དུ་མཉམ་ཞུགས་བྱེད་དུ་འཇུག་གི་མེད་པས། དེས་བོད་མི་སྒེར་གྱི་ཐོབ་ཐང་ཙམ་མ་ཡིན་པར། ཐུན་མོང་གི་སྤྱི་དམངས་དང་ཆབ་སྲིད། དཔལ་འབྱོར་སོགས་ཀྱི་ཐོབ་ཐང་ལ་རྩིས་མེད་བཏང་དང་གཏོང་བཞིན་པའི་སྐོར་བརྗོད་སོང་།

ཁོང་གིས་གསུང་པ་ལྟར་ན། རྒྱ་ནག་གིས་རྩྭ་ས་སྲུང་སྐྱོབ་ཀྱི་མིང་ཐོག་ནས། བོད་ཀྱི་འབྲོག་པ་རྣམས་གྲོང་རྡལ་དང་གྲོང་ཁྱེར་དུ་གནས་སྤོ་བྱེད་དུ་འཇུག་གི་ཡོད་པ་རེད་དེ། དངོས་ཡོད་ཐོག་བོད་ཀྱི་འབྲོག་པས་རྩྭ་ཐང་བེད་སྤྱོད་བྱེད་སྟངས་ནི། རྩྭ་ས་གཅིག་ནས་གཅིག་ལ་གནས་སྤོ་བྱེད་ཀྱི་ཡོད་པས། རྩྭ་ཐང་གི་རྒྱ་ཁྱོན་ཆེན་པོ་རང་བཞིན་གྱི་ཆགས་ཀྱི་ཡོད་པ་དང་། དེ་ནི་རྣམ་དཔྱོད་དང་ལྡན་པའི་བཀོལ་སྤྱོད་ཅིག་ཡིན་པས། རྩྭ་ཐང་ལ་ཕོག་ཐུག་འགྲོ་ཡི་མེད་པ་རེད། འོན་ཀྱང་རྒྱ་ནག་གིས་བོད་ཀྱི་རྩྭ་ཐང་གི་ས་ཁྱོན་ཆུང་ཆུང་ཞིག་ལ་བསྟུད་མར་བཀོལ་སྤྱོད་བྱེད་ཀྱི་ཡོད་པས། དེས་རྩྭ་སའི་རྨང་གཞི་མི་བརྟན་པ་གྱུར་ནས། རྩྭ་ས་ཉིལ་ཟད་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་འདུག དེ་བཞིན་རྒྱ་གཞུང་གིས་བོད་ཀྱི་འབྲོག་པ་རྣམས་ལ་རྩྭ་ཐང་བེད་སྤྱོད་པའི་ཐོབ་ཐང་ཡིག་ཆ་སྤྲོད་ཀྱི་མེད་ཁར། གྲོང་རྡལ་དང་གྲོང་ཁྱེར་ནང་དུ་གནས་སྤོ་བྱེད་དུ་འཇུག་གི་ཡོད་པ་དེས། འབྲོག་པ་རྣམས་ཀྱི་འཚོ་བའི་རྟེན་གཞི་བརླག་གི་ཡོད་པ་དང་། དེས་འབྲོག་པ་རྣམས་མ་ཟད། བོད་མི་ཐུན་མོང་གི་ཟ་ཆས་ཀྱི་བདེ་འཇགས་མེད་པ་འགྱུར་གྱི་ཡོད་སྐོར་བརྗོད་སོང་།

ཁོང་གིས་གནད་དོན་དེ་དང་འབྲེལ་ནས་མུ་མཐུད་གསུང་དོན། རྒྱ་ནག་གཞུང་གིས་བོད་ནང་འཕེལ་རྒྱས་འཛུགས་སྐྲུན་དེར་རྒྱ་ནག་གི་ཁྱད་ཆོས་ལས་བོད་ཀྱི་ཁྱད་ཆོས་དང་མཐུན་པ་བྱེད་ཀྱི་མེད་པ་མཟད། བོད་མི་རྣམས་མཉམ་ཞུགས་བྱེད་དུ་འཇུག་གི་མེད་པ་རེད། དཔེར་ན་རྩྭ་ཐང་སྲུང་སྐྱོབ་ཀྱི་ལས་གཞིར་བོད་མི་མཉམ་ཞུགས་བྱེད་འཇུག་གི་མེད་པ་དང་། རྒྱ་ནག་ནང་འགྲོ་རྒྱུག་ཆེན་པོ་ཡོད་པའི་འོ་མའི་ཐོན་རྫས་དག་བོད་ནས་འདོན་མི་འཇུག་པར། ཨོ་སི་ཀྲོ་ལི་ཡ་དང་ནིའུ་ཛེ་ལེན་ཌི་སོགས་ནས་དབོར་འདྲེན་བྱེད་ཀྱི་ཡོད་པས། བོད་ཀྱི་འབྲོག་པ་དང་ཞིང་པ་རྣམས་ལ་ཐུན་མོང་གི་དཔལའབྱོར་གྱི་ཐོབ་ཐང་སྤྲོད་ཀྱི་མེད། མདོར་བསྡུས་ན་རྒྱ་ནག་གི་ཡར་རྒྱས་ཀྱི་མིང་ཐོག་ནས་བོད་མིའི་ཐུན་མོང་གི་དཔལ་འབྱོར་དང་། རྩྭ་ས། ཟ་ཆས་བདེ་འཇགས་སོགས་ཀྱི་ཐོབ་ཐང་འཕྲོག་གི་ཡོད་སྐོར་བརྗོད་སོང་།

སྐུ་ཞབས་ཁོང་ནི་ཁོར་ཡུག་སྲུང་སྐྱོབ་པ་དང་ཉམས་ཞིབ་པ་ཞིག་ཡིན་པ་དང་། ཁོང་གིས་བོད་ནང་གི་སྤྱི་ཚོགས་འཕེལ་རྒྱས་འཛུགས་སྐྲུན་དང་ཁོར་ཡུག་གི་ཐོག་ཉམས་ཞིབ་ལོ་མང་བྱས་ཡོད་པ་རེད། ལོ་ངོ་༣༩ ཡི་རིང་བོད་དོན་ལ་ལས་ཀ་བྱེད་མྱོང་ཡོད་པ་དང་། ཁོང་གིས་བོད་དོན་དང་འབྲེལ་ནས་དེབ་ “བོད་གཏོར་བཅོམ་དང་རྒྱ་ནག་གིས་འཛམ་གླིང་མཐོ་སྒང་གི་རང་བྱུང་གཏེར་ཁར་དོ་དམ་བདག་ཉར་” Spoiling Tibet: China and Resource Nationalism at the Roof of the World ཞེས་པ་ཞིག་བྲིས་ཡོད་པ་དང་། སྒེར་གྱི་དྲ་རྒྱ་www.rukor.org སྟེང་དུ་ཁོར་ཡུག་སྐོར་དང་བོད་ཀྱི་ཁོར་ཡུག་སྐོར་ལ་ཉམས་ཞིབ་ཀྱི་དཔྱད་རྩོམ་མང་པོ་སྤེལ་གྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།