བོད་མིའི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལོ་རྒྱུས་ལས་བརྩམས་པའི་གྲིབ་གཟུགས་ཀྱི་འཁྲབ་སྟོན་ཞེས་པའི་འགྲེམས་སྟོན། 

བོད་ནང་རྒྱ་དམག་གིས་བཙན་འཛུལ་བྱེད་དུས་བོད་མི་སྟོང་ཚོ་མང་པོ་འགོག་རྒོལ་དམག་འཐབ་ཁྲོད་ཞུགས་ཡོད་པ་བཞིན། སྐབས་དེ་དུས་ཨ་རིའི་གསང་བའི་ལས་ཁུངས་(CIA )དང་འབྲེལ་བ་བྱུང་ནས་དཔའ་བོ་བརྒྱ་ཕྲག་མང་པོ་བོད་མི་རིགས་དང་བོད་རྒྱལ་ཁབ་སྲུང་སྐྱོབ་ཆེད་དུ་ཨ་རིའི་ནང་དམག་སྦྱོང་དུ་འགྲོ་མཁན་བྱུང་ཡོད་པ་དང་། སྐབས་དེ་དུས་ད་ཆར་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་ལགས་ཀྱི་ཕ་དམ་པ་ལྷ་མོ་ཚེ་རིང་ལགས་ཨ་རིའི་གསང་བའི་ལས་ཁུངས་དང་། བོད་མིའི་དྭང་ལངས་བསྟན་སྲུང་དམག་མིའི་བར་འབྲེལ་བ་བཟོ་མཁན་གཙོ་གྲས་གཅིག་ཡིན་པར་བརྟེན། དེ་རིང་གི་དུས་ཐུང་འགྲེམས་སྟོན་ནང་བསྟན་འཛིན་བསོད་ནམས་ལགས་ཀྱིས་ཕ་དམ་པས་ཉར་ཚགས་བྱས་པའི་པར་དང་ཡིག་ཆ་ཁག་ཅིག་འགྲེམས་སྟོན་བྱས་སོང་། 

ཕྱི་ཚེས་༡༣ ཉིན་ཁྲུང་ཁྲུང་དཀར་མོ་གློག་བརྙན་བཟོ་སྐྲུན་ཁང་དང་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ཟུང་འབྲེལ་གྱི་ལས་གཞིའི་འོག བོད་མིའི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལོ་རྒྱུས་ལས་བརྩམས་པའི་གྲིབ་གཟུགས་ཀྱི་འཁྲབ་སྟོན་ཟེར་བ་ཞིག་དུས་ཐུང་གི་འགྲེམས་སྟོན་བྱས་སོང་ལ། སྐབས་དེའི་འགྲེམས་སྟོན་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་དང་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་སོགས་སྐུ་མགྲོན་གང་མང་ཞིག་ཕེབས་གནང་འདུག བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ཀྱིས་གསུངས་དོན་ལ་འདི་ལྟ་བུའི་ལོ་རྒྱུས་ཀྱི་དྲན་རྟེན་དེ་དག་ཧ་ཅང་གལ་ཆེན་ཡིན་པ་དང་། མི་རབས་གསར་རྙིང་བརྗེ་འགྲོ་བཞིན་ཡོད་པར་བརྟེན། མི་རབས་གསར་པ་ཚོས་ངེས་པར་དུ་ལོ་རྒྱུས་དེ་དག་སེམས་ལ་ངེས་ནས་བོད་མིའི་རང་དབང་འཐབ་རྩོད་མཇུག་སྐྱོང་དགོས་པ་དང་། དེ་རིང་གི་པར་རིགས་འགྲེམས་སྟོན་དེ་དག་ནི་གློ་སྨོན་ཐང་དུ་དམག་སྒར་ནང་ཡོད་པའི་བོད་མི་རྣམས་ཀྱི་སྙིང་སྟོབས་དང་ལྷག་བསམ། རྒྱལ་ཞེན་དག་ནི་རི་བཙུགས་པ་བཞིན་འགྱུར་མེད་སྲ་བརྟན་ཧ་ལས་པ་རེད། གློ་དམག་སྒར་ལྟ་བུར་མཚོན་ན་ཨ་འབྲུག་མགོན་པོ་བཀྲ་ཤིས་དང་། ལྷ་མོ་ཚེ་རིང་ལགས་སོགས་བོད་མི་རྒན་གྲས་ཚོས་དཀའ་ཚེགས་དུ་མ་ལ་གདོང་ལེན་བྱས་ནས་བོད་མི་སྟོང་ཕྲག་འགའ་ཤས་ཀྱི་སྒྲིག་འཛུགས་བཙུགས་ནས་འཐབ་རྩོད་བྱས་པ་རེད། དེ་དག་ནི་ལོ་གཞོན་པ་ཚོས་སློབ་སྦྱོང་བྱེད་དགོས་པ་ཞིག་རེད་ཅེས་གསུངས་གནང་སོང་། དེ་རིང་གི་འགྲེམས་སྟོན་དང་འབྲེལ་བའི་ལོ་རྒྱུས་ཕྱི་དྲིལ་འགྲེམས་སྟོན་ཁང་དུ་ཡོད་པའི་(གྲིབ་གཟུགས་འཁྲབ་སྟོན)། (༡༩༥༧ ནས་༡༩༧༤ བར་གྱི་བོད་མིའི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལོ་རྒྱུས་)ཞེས་པའི་ཐོག་འཁོད་གསལ་དུ། ཕྱི་ལོ་༡༩༥༠ ལོར་རྒྱ་ནག་དམར་པོས་བོད་ནང་བཙན་འཛུལ་གྱིས་༡༩༥༩ ལོར་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་རྗེས་བོད་འདི་བཙན་བཟུང་བྱས་པའི་རྒྱལ་ཁབ་གཅིག་ཏུ་གྱུར་པ་དང་། ད་བར་བོད་ཕྱི་ནང་གཉིས་ནས་རྒྱལ་སྤྱི་དང་རྒྱ་ནག་གི་འགྱུར་ལྡོག་དང་བསྟུན་ཏེ་རྒྱ་གཞུང་གི་བཙན་འཛུལ་ལ་འགོག་རྒོལ་ཞུམ་པ་མེད་པར་བྱེད་བཞིན་ཡོད།

 འོན་ཀྱང་། ཕྱི་ལོ་༡༩༥༦ ལོ་ཙམ་ནས་༡༩༧༤ བར་བོད་མི་སྟོང་ཕྲག་མང་པོས་རྒྱའི་བཙན་འཛུལ་བར་དྲག་པོའི་འཐབ་འཛིང་བྱས་པའི་འཇབ་དམག་གི་ལོ་རྒྱུས་ཤེས་རྟོགས་ཡོད་མཁན་ཉུང་ཉུང་ལས་མེད། བོད་པའི་འཇབ་དམག་གི་ལས་འགུལ་འདི་ཨ་རིའི་དབུས་གསང་བའི་ལས་ཁུངས་(CIA)དང་འབྲེལ་བ་བྱུང་ཡོད་པ་ཞིག་ཡིན་པར་བརྟེན། རྒྱལ་སྤྱིའི་ས་ཁམས་ཆབ་སྲིད་ནང་ཚུད་ཡོད་པ་རེད། ཨ་རིའི་གསང་བའི་ལས་ཁུངས་ནས་ཕྱི་ལོ་༡༩༥༦ ལོར་བོད་མིས་རྒྱའི་བཙན་འཛུལ་བར་འགོག་རྒོལ་བྱེད་པའི་འཐབ་རྩོད་ནང་ཞུགས་འགོ་ཚུགས་ཤིང་། དུས་སྐབས་དེ་ནི་འཛམ་གླིང་ནང་གྲང་དམག་གི་འཐབ་རྩོད་ཆེན་པོ་འགྲོ་བཞིན་པའི་དུས་ཚོད་གཅིག་ཀྱང་རེད། ལས་འགུལ་དེར་གསང་མིང་(STCIRCUS)ཞེས་བཏགས་། ལས་འགུལ་དེ་ནི་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་གསང་བའི་སྒོ་ནས་སྤེལ་བའི་ལས་འགུལ་ཡུན་རིང་ཤོས་ཀྱི་གྲས་ཤིག་ཡིན། ལོ་རབས་དྲུག་ཅུ་པའི་སྨད་དུ་རྒྱ་ནག་དང་སྒྲིག་འཛུགས་ཡོང་ཐབས་བྱེད་པའི་ཨ་རིའི་སྲིད་བྱུས་ལ་བརྟེན་ནས་གློ་བུར་དུ་མཚམས་འཇོག་བྱས་ཡོད།  དང་དམག་སྒྲིག་འཛུགས་དེ་ཉིད་མཐའ་མའི་གནས་གཞི་བལ་བོད་ས་མཚམས་གློ་སྨོན་ཐང་དུ་བལ་དམག་གིས་སྒོ་བརྒྱབས་པ་ལ་བརྟེན་ནས་ཕྱི་ལོ་༡༩༧༤ ལོར་འཐོར་ཞིག་ཏུ་སོང་ཡོད། ཅེས་དང་། 

ཕྱི་ལོ་༡༩༩༠ ལོའི་མགོ་སྟོད་དུ་གློག་བརྙན་བཟོ་སྐྲུན་པ་རི་ཏུ་ས་རིན་དང་བསྟན་འཛིན་བསོད་ནམས་གཉིས་ནས་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་འདིའི་སྐོར་དངོས་བྱུང་གློག་བརྙན་ཞིག་བཟོ་རྒྱུའི་ཆེད་དུ་ཞིབ་འཇུག་འགོ་འཛུགས་བྱས། དེ་ལྟར་བཟོ་འདོད་ཀྱི་འདུན་པ་ནི་བསྟན་འཛིན་བསོད་ནམས་ཀྱི་ཕ་དམ་པ་ལྷ་མོ་ཚེ་རིང་གི་ལོ་རྒྱུས་ལ་བརྟེན་ནས་བྱུང་ཞིང་། དེ་ཡང་ལྷ་མོ་ཚེ་རིང་ནི་བཙན་རྒོལ་རྒྱལ་སྐྱོབ་ལས་འགུལ་གྱི་སྣེ་འཁྲིད་མཁན་དང་། ཨ་རིའི་གསང་བའི་ལས་ཁུངས་དང་བོད་མིའི་དབར་གྱི་འབྲེལ་མཐུད་མི་སྣ་གཙོ་བོ་དེ་ཡིན། ལྷ་མོ་ཚེ་རིང་གིས་བཙན་རྒོལ་གྱི་བྱུང་བ་དེ་དག་ལོ་རྒྱུས་ཀྱི་དྲན་ཡུལ་ནས་མི་བརྗེད་པའི་ཆེད། ལོ་རྒྱུས་ཀྱི་བདེ་ཐེར་ནང་འགོད་རྒྱུ་ཤིན་དུ་གལ་ཆེར་གཟིགས་ནས་གློ་སྨོན་ཐང་དུ་བྱུང་བའི་བཙན་རྒོལ་གྱི་དངོས་ཡོད་གནས་སྟངས་མཚོན་པའི་འདྲ་པར་སྟོང་ཕྲག་མང་པོ་དང་། ཡིག་ཆ། ས་ཁྲ། རིག་དངོས་སྣ་ཚོགས་ཉར་ཚགས་བྱས་ཡོད་ཅིང་། དེ་དག་ནི་ཁོང་གི་མི་ཚེའི་སྨད་དུ་སྐབས་དེའི་གནས་སྟངས་གསལ་བར་བཀོད་པ་ (བཙན་རྒོལ་རྒྱལ་སྐྱོབ)ཅེས་པའི་ལོ་རྒྱུས་དེབ་ཕྲེང་བརྒྱད་ཅན་ཞིག་བྲིས་ཡོད་པ་དེ་དག་རྒྱུ་ཆ་གཙོ་བོ་གྱུར་ཡོད། (SHADOW CIRCUS)གྲིབ་གཟུགས་ཀྱི་འཁྲབ་སྟོན་ཞེས་པའི་འགྲེམས་སྟོན་འདི་ནི། ལོ་རྒྱུས་སྨྲ་བ་དང་མི་རྒྱུད་དཔྱད་རིག་པ་(Carola McGraanahan )ཀོ་རོལ་གྱིས། བོད་དམག་བཙན་རྒོལ་རྒྱལ་སྐྱོབ་པའི་ཆ་མ་ཚང་བའི་ལོ་རྒྱུས་ཞེས་བཤད་པར། དང་དམག་གི་ལོ་རྒྱུས་དེ་ཆ་ཚང་བ་ཞིག་མིན་པ་གསལ་སྟོན་བྱ་རྒྱུ་དང་། ལྷ་མོ་ཚེ་རིང་གིས་ཉར་ཚགས་བྱས་པའི་ཡིག་ཆའི་སྟེང། རི་ཏུ་ས་རིན་དང་བསྟན་འཛིན་བསོད་ནམས་གཉིས་ཀྱིས་ལོ་ངོ་མང་པོའི་རིང་འཚོལ་བསྡུ་བྱས་པའི་སྒྲ་དང་བརྙན་གྱི་ཁ་སྣོན་བསྐྱར་བཅོས། དེ་བཞིན་ཕྱི་ལོ་༡༩༩༨ ལོར་བཟོ་སྐྲུན་བྱས་པའི་དངོས་བྱུང་ལོ་རྒྱུས་བསྐྱར་བསྒྲིག་ཀྱང་ཚུད་ཡོད་པར་བྱས་ཡོད།

མདོར་ན་(SHADOW CIRCUS)གྲིབ་གཟུགས་ཀྱི་འཁྲབ་སྟོན་ཞེས་པའི་འགྲེམས་སྟོན་འདིའི་ནང་། ད་ལྟའང་མི་མང་པོས་ཤེས་རྟོགས་མེད་པ་ལུས་པའི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལོ་རྒྱུས་དེ་སྣེ་འཛོམས་དང་ཆ་ཚང་བ་ཞིག་ཡོང་ཐབས་བྱས་ཡོད་ཅེས་བཀོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།