བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་འགོ་ཁྲིད་ཚོའི་གནང་སྟངས་ལ་བློ་ཕམ་ནས་རང་ལུས་མེ་སྲེག་བཏང་སྐོར་འདུག  

རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་ནས་ཡིན་པའི་བོད་མི་བློ་བཟང་བསྟན་འཛིན་ཞེས་པ་ཞིག་གིས་ “འཕོ་འགྱུར་བཏང་ཚར་”བའི་ཁྲིམས་ཞིབ་པར་ཡར་ལས་གནས་སུ་ལོག་པ་དང་། སྤྱི་འཐུས་ཚོས་“འཐེན་ཁྱེར་”བྱེད་བཞིན་པ། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་དཀྱིལ་མའི་ལམ་ཞིག་ལ་འཚོལ་མ་ཐུབ་པར་བློ་ཕམ་གྱིས་རང་ལུས་མེ་སྲེག་བཏང་བ་ཡིན་སྐོར་འདུག་ལ། དེ་ནི་བཙན་བྱོལ་བོད་མིའི་དབུ་ཁྲིད་ཚོའི་བྱེད་སྟངས་ལ་ངོ་རྒོལ་གྱིས་རང་ལུས་མེ་སྲེག་བཏང་བ་ཆེས་ཐོག་མ་དེ་ཆགས་འདུག

ཁ་སང་རེས་གཟའ་ཉི་མའི་ཉིན་ལོ་ན་ ༦༠ ལ་སོན་པའི་བློ་བཟང་བསྟན་འཛིན་གྱིས་སོ་སོའི་གཞིས་ཆགས་སུ་ལུས་ལ་ས་སྣུམ་བླུགས་ནས་མེ་སྦར་འདུག་པ་དང་། སྐབས་དེར་ཁོང་གི་བུ་མོས་དེ་མཐོང་ནས་འཕྲལ་དུ་མེ་བསད་རྗེས། མྱུར་སྐྱོབ་སྨན་ཁང་དུ་ཁྱེར་ནས་སྨན་བཅོས་བྱས་སྟབས། ལུས་ཀྱི་བརྒྱ་ཆ་ ༣༠ ཙམ་ལས་མ་འཚིགས་པས་སྲོག་སྐྱོན་བྱུང་ཡོད་མི་འདུག

གནས་ཚུལ་དེ་བྱུང་བ་དང་། ངོ་དེབ་ཀྱིས་མཚོན་པའི་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁོང་གིས་“བཅའ་ཁྲིམས་སྲུང་སྐྱོབ་ཆེད་”དང་། སྐབས་ ༡༦ པའི་གྲོས་ཚོགས་ཀྱིས་འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པ་གསུམ་ཕྱིར་ལས་གནས་སུ་ལོག་པར་ངོ་རྒོལ་གྱིས་རང་ལུས་མེ་སྲེག་བཏང་བ་ཡིན་སྐོར་ཤུགས་ཆེན་ཁྱབ་ཡོད་པ་དང་། དེ་བཞིན་སྤྱི་ཚོགས་དྲ་ལམ་དུ་རང་ལུས་མེར་སྲེག་བྱུང་རྗེས་ཁོང་ལ་རང་སྲེག་དགོས་དོན་ཕྱིར་བསྒྲགས་བྱེད་མི་ཉན་པའི་སྐུལ་སློང་བྱེད་མཁན་བྱུང་བའི་གནས་ཚུལ་ཡང་ཁྱབ་འདུག དེ་བཞིན་ས་གནས་སུ་འབྲེལ་ཡོད་མི་མང་པོར་འབྲེལ་གཏུག་བྱས་ཀྱང་། རང་སྲེག་གཏོང་མཁན་གྱིས་སྔོན་ནས་ཁྲིམས་ཞིབ་པ་གསུམ་ཕྱིར་ལས་གནས་སུ་ལོག་པར་ངོ་རྒོལ་ཡོད་སྐོར་བཤད་ཀྱི་འདུག་ཅེས་པ་ལས། དོ་བདག་ལ་འབྲེལ་གཏུག་བྱེད་ཐུབ་མ་སོང་།

ཁ་སང་དགོང་མོར་ཨ་རིའི་རླུང་འཕྲིན་ཁང་(VOA)ནས་རང་ལུས་མེ་སྲེག་གི་གནད་དོན་དེ་དང་འབྲེལ་བའི་གནས་ཚུལ་ཞིག་སྤེལ་བའི་ནང་། ཁོང་གིས་རང་ལུས་མེར་གཏོང་དགོས་པའི་རྒྱུ་མཚན་ནི། “བོད་མི་མང་སྤྱི་འཐུས་རྣམས་ཀྱི་བྱ་སྤྱོད་ལ་བློ་ཕམ་བྱུང་”བས་ཡིན་པ་དང་། “དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དཀའ་རྙོག་ལ་བརྟེན་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐུགས་དགོངས་འཁྲུག་གཞིར་འགྱུར་ཉེན་ལ་བློས་མ་བཟོད་”པས་ཡིན་ཚུལ་བཀོད་འདུག

ཡིན་ན་ཡང་། ཕྱི་ཟླ་༦ ཚེས་༢༡ ཉིན་བསྟན་འཛིན་ལུང་རྟོགས་ཞེས་པའི་ཞིག་གིས་རང་ལུས་མེ་སྲེག་གཏོང་མཁན་ལ་དངོས་སུ་འབྲེལ་བ་བྱས་ནས་མེ་སྲེག་གཏོང་དགོས་པའི་རྒྱུ་མཚན་དང་རྒྱུད་རིམ་གང་ཡིན་དྲིས་པའི་སྒྲ་འཇུག་ནང་། བློ་བཟང་བསྟན་འཛིན་གྱིས“ངས་ཁ་སང་སྔོན་ལ་Facebook གཅིག་བཟོས་པ་ཡིན། ང་རང་གི་བསམ་ཚུལ་དེ་ལ་ག་རེ་ཞུས་ཡིན་ལབ་ན། སྤྱི་འཐུས་དེའི་ནང་ལ་སྤྱི་འཐུས་ཡར་འཁོད་ཚར་བའི་གཞུག་ལ། མདོ་སྟོད་མདོ་སྨད་དབུས་གཙང་ཡོད་པ་མ་རེད། དེ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་རེད། ཚང་མ་གཅིག་རེད—ངས་ག་དུས་ཡིན་ན་ཡང་[ལབ་ཀྱི་ཡོད།]། ད་ལྟ་དེ་འཐེན་ཁྱེར་བྱས་ཏེ་ཕར་ཚུར་བྱས་ཡས་དེ་ཏག་ཏག་བསྡད་ཀྱི་མི་འདུག ང་ལ་སེམས་ཁྲལ་གཙོ་བོ་དེ་༧རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་གྱི་རེད་ལབ་ཡས་དེ་ང་རང་གི་སེམས་པའི་ནང་ལ་ན་ཚ་དེ་འདྲ་ཡོད། ཁོང་གིས་ག་དུས་ཡིན་ན་ཡང་ང་ཚོ་ལ་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དེ་འདྲ་གསུང་གི་རེད། ང་ཚོ་ལ་བཟང་སྤྱོད་ཀྱི་ལྟ་གྲུབ་ཡོད་རེད། དེ་འདྲ་ཡིན་དུས་ངས་ཁ་སང་བརྡ་ལན་ཞིག་བཏང་ཡིན། བརྡ་ལན་གྱིས་འགུལ་སྐྱོད་ཐེབས་མ་སོང་། མདང་དགོང་དཀོན་མཆོག་མེ་ཞིག་བརྒྱབ་ན་འགུལ་སྐྱོད་ཅིག་ཐེབས་མི་ཡོང་ངམ་སོ་སོའི་སེམས་པའི་ནང་ལ་དེ་འདྲ་བསླེབས་སོང—ཚོར་སྣང་ཞིག བྱས་ཙང་སེམས་ཞེ་དྲག་ཕམ་གྱི་འདུག་”ཅེས་རང་ལུས་མེ་སྲེག་གཏོང་རྒྱུའི་བསམ་བློ་འཁོར་ཚུལ་འགྲེལ་བརྗོད་བྱས་འདུག

གཞན་ཡང་། ཁོང་གིས་“སྐུ་ངོ་སྤེན་པ་ཚེ་རིང་འདྲ་བོར་ཆ་བཞག་པ་ཡིན་ན། སྲིད་སྐྱོང་ལ་འཁོད་ཚར་བ་རེད། སྔོན་ནས་མཐུན་སྒྲིལ་དང་མང་པོ་ཞིག་གསུངས་ཡོད་རེད། དེའི་དཀྱིལ་མ་ལམ་ཀ་འཚོལ་དགོས་ཀྱི་ཡོད་རེད—ལམ་ཁ་གཅིག་ལ་བསླེབ་ཡས་ཤིག དེ་ཚོ་བསླེབ་ཀྱི་མི་འདུག་ག དེ་འདྲ་མེད་དུས་དཔེ་མི་སྲིད་པའི་བློ་ཕམ་པོ་འདུག་”ཅེས་བརྗོད་དེ་སྲིད་སྐྱོང་གསར་པར་ཡང་བློ་ཕམ་བྱུང་སྐོར་བཤད་འདུག

གླེང་མོལ་དེའི་ནང་། བསྟན་འཛིན་ལུང་རྟོགས་ཀྱིས་ཁོང་ལ་ཁྲིམས་དཔོན་ཚོའི་ཉེ་ཆར་གྱི་བྱེད་སྟངས་ལ་བསམ་ཚོར་གང་ཡོད་སྐད་ཆ་དྲིས་པར། ཁོང་གིས་“ད་དེ་དཔེ་མི་སྲིད་པའི་བློ་ཕམ་ཡོད། བློ་ཕམ་ཡོད་ན་ཡང་བྱེད་ཡས་ཤིག་གང་ཡང་མི་འདུག་ག དངོས་གནས་བྱས་ན། སྤྱི་འཐུས་སྐབས་ ༡༦ པས་མར་གཅིག་འཕོ་འགྱུར་བཏང་ཚར་བ་རེད། འཕོ་འགྱུར་བཏང་ཚར་ན་ད་ཡར་ཆགས་ཡས་ཡོད་པ་མ་རེད་བ། ཟླ་བ་གཉིས་ཙམ་ལས་ཀ་མེད་པར་བསྡད་རེད། འགྲོ་སྟངས་ཀྱི་ཐོག་ནས་བཤད་པ་ཡིན་ན། ཞེ་དྲག་ནོར་ཚར་བ་རེད—གནས་ཚུལ་དེ་ཚོ་”ཞེས་བརྗོད་འདུག་ལ། བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་ལས་དོན་བྱེད་ཕྱོགས་ལ་འདོད་པ་མ་ཁེངས་བ་ལྟ་བུ་རེད་འདུག

ད་ལྟའི་ཆར་བློ་བཟང་བསྟན་འཛིན་སྨན་ཁང་ནས་ཐོན་ཏེ་རང་ཁྱིམ་དུ་བསྡད་ཡོད་པ་དང་། གཟུགས་པོའི་བརྒྱ་ཆ་༣༠ ཙམ་ལ་གནོན་སྐྱོན་ཐེབས་ཡོད་ནའང་། སྲོག་ཉེན་མེད་པའི་གནས་ཚུལ་འདུག

༢༠༡༨ ལོའི་ཟླ་བ་༢ ཚེས་༢༣ ཉིན་སེར་བྱེས་གཙང་པ་ཁང་ཚན་གྱི་གྲྭ་ཐུབ་བསྟན་ཆོས་འཕེལ་གྱིས་སྲིད་སྐྱོང་བློ་བཟང་སེང་གེའི་སྐབས་ཨ་རིའི་དོན་གཅོད་སྤེན་པ་ཚེ་རིང་འཕོ་འགྱུར་དང་འབྲེལ་ནས་ངོ་རྒོལ་གྱི་གསལ་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། སྐབས་དེར་ཁོང་གིས་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་སྲིད་དབང་སྒེར་གཅོད་ཡོད་པ་དང་། སྲིད་དབང་སྒེར་གཅོད་ལ་ངོས་ལེན་མི་བྱེད་པ། སྲིད་དབང་སྒེར་གཅོད་ལ་ཡོ་སྲང་མི་བྱེད་པ་བཅས་ཀྱི་གནད་དོན་གསུམ་ཚང་ན། རྩ་དོན་གྱི་དམིགས་ཡུལ་ཞིག་གི་ཆེད་དུ་རང་ལུས་མེར་སྲེག་གི་བྱ་བར་འཇུག་དགོས་པར་མཐོང་སྐོར་གསུངས་འདུག (སྔོན་མའི་གནས་ཚུལ་དྲ་ཐག)

གསར་འགོད་པ་དཀོན་མཆོག་རབ་བརྟན།