བོད་མིའི་ཚོང་པ་ཚོགས་པས་རྒྱ་ནག་ནས་བཟོས་པའི་ཚོང་ཟོག་འཚོང་རྒྱུ་མིན་པ།
ཟླ་འདིའི་ཚེས་༡༡ ནས་ཉིན་གསུམ་རིང་རྒྱ་གར་བྱང་ཕྱོགས་པན་ཇབ་མངའ་སྡེའི་ལུ་དྷི་ཡ་ན་གྲོང་ཁྱེར་དུ། རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་དེ་འཚོགས་ཡོད་པ་དང་། དེར་མ་འོངས་ལས་དོན་བྱེད་ཕྱོགས་ཐོག་གྲོས་བསྡུར་དང་གྲོས་ཆོད་ཁག་ཅིག་བཞག་ཡོད་པ་རེད།
ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་དང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས། བོད་མི་དགུན་ཚོང་བས་ཅ་དངོས་གཙོ་བོ་ལེན་ས་རྒྱ་གར་གྱི་ (Lala Tibetan Hosiery Association) ཞེས་པའི་འགོ་བ་སོགས་ཕེབས་ཡོད་པ་རེད། བོད་མི་གནས་སྡོད་བྱེད་ས་ས་གནས་ཁག་༡༦༥ ཙམ་ནས་ཚོགས་པའི་མི་༥༠༠ བརྒལ་བ་ཚོགས་ཞུགས་བྱས་ཡོད་པ་རེད།
སྲིད་སྐྱོང་བློ་བཟང་སེང་གེས་གསུང་བཤད་གནང་སྐབས། “ང་རང་སུད་ཚོང་བའི་བུ་ཞིག་ཡིན་པའི་ཆ་ནས་སུད་ཚོང་བ་རྣམས་ལ་དཀའ་ངལ་ཇི་ཙམ་ཡོད་པ་ཕྲན་བུ་ཤེས་ཀྱི་ཡོད། ད་བར་རྣམ་པ་ཚོས་ཧ་ལས་པའི་སྐུ་ལས་སྐྱོན་ཡོད། ང་ཚོའི་སྤྱི་ཚོགས་ནང་དཔལ་འབྱོར་གྱི་གནས་སྟངས་ཐོག་ཕལ་ཆེར་བརྒྱ་ཆ་༤༥།༥༠ འཚོ་བ་སྐྱེལ་ས་སུད་ཚོང་རང་ཆགས་ཡོད། སྤྱི་ཚོགས་ཀྱི་དཔལ་འབྱོར་ཡིན་ནའང་ཡར་རྒྱས་ཕྱིན་ཡོད། སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་ཡར་རྒྱས་འགྲོ་བར་བརྟེན་སོ་སོའི་ཕྲུ་གུ་ཡིན་ནའང་སློབ་སྦྱོང་ཡག་པོ་གནང་ཐུབ་ཡོད། ཕྲུ་གུར་སློབ་སྦྱོང་ཡག་པོ་གནང་ཐུབ་པར་བརྟེན་ང་ཚོའི་སྤྱི་ཚོགས་སྤྱི་ཡོངས་ནང་ཤེས་ཡོན་ཅན་དང་། ཐོས་རྒྱ་མཐོང་རྒྱ་ཅན། བོད་མིའི་སྒྲིག་འཛུགས་ལ་ཞབས་ཕྱི་ཞུ་མཁན་དེ་འདྲ་ཆགས་པ་གཙོ་བོ་སུད་ཚོང་བ་རྣམ་པས་སྐུ་ལས་བསྐྱོན་ཏེ་སོ་སོའི་འཚོ་བ་བསྐྱལ་བ་ཙམ་མིན་པར་སོ་སོའི་ནང་མི་དང་ཕྲུ་གུར་ཕན་ཐོགས་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ལ་ཡིན་ནའང་འགན་ཆུང་བ་ཡོད་”ཅེས་བོད་མི་ཚང་མས་འཚོ་བ་སྐྱོ་པོ་ཆགས་ན་མིའི་སྒྲིག་འཛུགས་ཀྱིས་མཐུན་རྐྱེན་སྦྱོར་དགོས་ས་ཇེ་མང་སོང་བས་དཀའ་ངལ་ཡོད་སྐོར་གསུངས་སོང་།
སྲིད་སྐྱོང་གིས་མུ་མཐུད་གསུང་དོན། “བོད་མི་སུད་ཚོང་བ་རྣམས་ཧ་ཅང་གལ་ཆེན་པོ་བརྩིས་པའི་ཐོག་ནས་ཨ་རིའི་རོགས་ཚོགས་ནས་རོགས་དངུལ་ཐོབ་པ་དེ་ནས་ཧིན་སྒོར་ས་ཡ་བརྒྱ་བུན་གཡར་གྱི་ལས་གཞི་སྤེལ་རྒྱུ་དེ་ཡང་ང་ཚོའི་ཐོག་ནས་རྣམ་པ་ཚོར་མཐུན་རྐྱེན་སྦྱར་རྒྱུའི་ཆེད་བུན་གཡར་གྱི་ལས་གཞི་ཞིག་སྤེལ་ཡོད། རྣམ་པ་ཚོར་ཡིན་ནའང་ཕན་ཐོགས་པའི་རེ་བ་ཡོད་”ཅེས་སོགས་གསུངས་ཡོད་པ་རེད།
ཚོགས་ཆེན་དེའི་ཐོག་བོད་མི་སུད་ཚོང་བ་ནང་ཁུལ་གྱི་དཀའ་ངལ་ཁག་ཅིག་དང་ཚོང་བདག་རྒྱ་གར་ལཱ་ལཱ་དང་འབྲེལབའི་གནད་དོན། གཞན་ཡང་རྒྱ་གར་གཞུང་ལ་ཁྲལ་འབུལ་ཕྱོགས་སོགས་ཀྱི་ཐད་ལ་གོ་བསྡུར་ཐག་གཅོད་བྱས་པ་མ་ཟད། བོད་མི་དངོས་ཟོག་ལེན་སའི་རྒྱ་གར་གྱི་ཚོང་ཤག་ཚོས་དགོས་འདུན་བཏོན་པ་ལྟར། བོད་མིའི་ཚོང་པ་ཚོགས་པས་ཚོང་ལས་བྱེད་སའི་ས་གནས་༡༧༤ ནང་རྒྱ་ནག་ནས་བཟོས་པའི་ཚོང་ཟོག་འཚོང་རྒྱུ་མིན་པའི་གྲོས་ཆོད་ཅིག་བཞག་འདུག
ཟླ་འདིའི་ཚེས་༡༣ ཉིན་ཚོགས་ཆེན་མཇུག་བསྡོམས་མཛད་སྒོའི་ཐོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ཕེབས་ཏེ། གསུང་བཤད་གནང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།