བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་༡༢།
སྲི་ཞུའི་ལས་བྱེད་དང་དམག་མི་ཚོས་ཕོགས་དོད་བརྒྱ་ཆ་༤ དཔྱ་ཁྲལ་ལག་དེབ་ཀྱི་ཕྱག་དངུལ་དུ་འབུལ་བཞིན་པ་ལྟར་བོད་པའི་ཚོང་པ་རྣམ་པས་ཀྱང་བརྒྱ་ཆ་༤ འབུལ་རྒྱུའི་རེ་བ་དེ་སྔོན་ནས་ཞུས་ཡོད་པ་ལྟར་བྱུང་ན་ཡག་པོ་ཡོད་སྐོར་སྲིད་སྐྱོང་བློ་བཟང་སེང་གེས་གསུངས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༤ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༢ དང་སྐར་མ་༥ ཐོག་དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་༡༢ པའི་དབུ་འབྱེད་མཛད་སྒོ་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་དང་། གྲོས་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གཉིས་ཀྱིས་དབུས་དམིགས་བསལ་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་རམ་སི་ཝར་བྷི་དང་རྩིས་ཞིབ་པ་ས་ཏི་ཡ་ཀུ་མར། ཚོགས་པ་ཁག་གི་རྒྱུན་ལས་དང་སྐུ་ཚབ་རྣམ་པ། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་མི་༦༠ ལྷག་བཅས་འཛོམས་འདུག
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་དེབ་(TCC Journal 2017)ཞེས་པ་ཞིག་དབུ་འབྱེད་དང་། ཚོགས་མི་ཉི་མ་སྟོབས་རྒྱལ་ལ་ལོ་བཅུ་འཁོར་བའི་གཟེངས་བསྟོད་བྱ་དགའ། རྒྱལ་ནོར་ཚེ་དབང་ལ་མི་ཚེའི་ལེགས་འགྲུབ་ཀྱི་གཟེངས་བསྟོད་བྱ་དགའ། གཞན་ཡང་གསར་ཞུགས་ཚོགས་མི་རྣམས་ལ་གཟེངས་བསྟོད་བྱ་དགའ་བཅས་བསྩལ་སོང་ལ། ད་ཐེངས་ཉིན་༢ རིང་གི་འཚོགས་འདུའི་ནང་ཚོགས་རྒྱུན་སྐབས་༥ པ་གསར་འདེམས་དང་། གཞན་ཡང་ཚོགས་པའི་མ་འོངས་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ལ་གྲོས་བསྡུར་བྱ་རྒྱུ་ཡིན་འདུག་པ་མ་ཟད་ཕྱི་ཚེས་༢༤ ཉིན་༧གོང་ས་མཆོག་ལ་མཇལ་བཅར་དང་བཀའ་སློབ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཀྱང་བྱུང་ཡོད་པ་རེད་འདུག
བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་བློ་བཟང་བླ་མས་བོད་མིའི་ཚོང་ལས་བདེ་ཚོགས་བཙུགས་ཐུབ་པ་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་དྲིན་ཡིན་པ་མ་ཟད། ད་བར་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། དེ་བཞིན་བོད་མིའི་ཚོང་ལས་བདེ་ཚོགས་དེ་ཚོང་པ་ཆེ་ཆུང་ཚང་མའི་སྡིངས་ཆ་ཡིན་སྐོར་སོགས་བརྗོད་སོང་།
དེ་རྗེས་དྲུང་ཆེ་ཚེ་རིང་རྡོ་རྗེས་ལོ་འཁོར་ལས་སྡོམ་སྙན་སྒྲོན་བྱས་པ་ལྟར་ན། བོད་རིགས་ཚོང་ལས་བདེ་ཚོགས་ཀྱི་རྒྱུན་ལས་སྐབས་སོ་སོས་འདས་པའི་ལོ་༡༢ ནང་བོད་པའི་ཚོང་པ་ཆེ་འབྲིང་ཆུང་གསུམ་ལ་ཁྱབ་པའི་ཚོང་དོན་ཟབ་སྦྱོང་དང་། ཁྲིམས་མཐུན་དཔྱ་ཁྲལ་འབུལ་ཕྱོགས་ལ་སོགས་པའི་སྐོར་ལ་ལས་འགུལ་སྣ་མང་ཞིག་སྤེལ་མུས་ཡིན་འདུག་ལ། ཚོགས་མི་མང་པོ་ཞིག་ལ་ཡུ་རོབ་ནང་ཚོང་འབྲེལ་སྐུ་ཚབ་ཐེངས་༡ དང་ཨ་རི་ནང་ཐེངས་༢ བསྐྱོད་རྒྱུའི་གོ་སྐབས་ཀྱང་བསྐྲུན་ཐུབ་བྱུང་ཡོད་པ་རེད། སླད་མ་འོངས་པར་ཡུལ་ལུང་དེ་དག་ཙམ་མ་ཡིན་པར་འཛམ་གླིང་གི་ཡུལ་གྲུ་གཞན་རྣམས་དང་། ལྷག་པར་དུ་བོད་ནང་ལ་སྐུ་ཚབ་གཅིག་འགྲོ་ཐུབ་པ་བྱ་རྒྱུའི་དམིགས་འདུན་ཡོད་པ་རེད། དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིི་རུ་ལོ་ལྟར་འཛམ་གླིང་གི་རྒྱལ་ཁབ་༥༠ ལྷག་འཛོམས་པའི་ཚོང་དོན་ལྷན་ཚོགས་ཀྱི་ནང་བོད་རིགས་ཚོང་པ་རྣམས་ཀྱིས་ཆ་ཤས་ལེན་གྱི་ཡོད་པ་དང་། མ་ཟད་ཤེས་རིག་ལས་ཁུངས་བརྒྱུད་བོད་རིགས་ན་གཞོན་སློབ་མ་༢ ལ་སློབ་ཡོན་འབུལ་གྱི་ཡོད་པ་རེད་འདུག དེ་བཞིན་རྩིས་པས་༢༠༡༦ ནས་༢༠༡༧ ལོའི་ཕྱི་ཟླ་༣ པའི་ཚེས་༣༡ བར་གྱི་ལོ་འཁོར་བྱུང་སོང་གི་རྩིས་ཁྲ་ཡང་སྙན་སྒྲོན་བྱས་སོང་།
དེ་ནས་བོད་མི་མང་གྲོས་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་ཚོགས་པའི་ལས་བསྡོམས་ནང་མ་འོངས་པར་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་སྐུ་ཚབ་བོད་ནང་ཕེབས་ཐབས་གནང་རྒྱུ་ཡིན་སྐོར་བརྗོད་པ་ལྟར། སྐུ་ཚབ་བོད་ནང་དུ་ཕེབས་ཐུབ་པ་ཡིན་ན་བོད་ནང་གི་བོད་རིགས་ཚོང་པ་ཚོར་ཚོང་ལས་གཉེར་ཕྱོགས་ཐད་ལམ་སྟོན་དང་བསམ་བློ་བརྗེ་རེས་བྱུང་ན་ཕན་ཐོགས་ཡོད་སྐོར་སོགས་གསུངས་སོང་ལ། དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེས་ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ལ་དཔྱ་ཁྲལ་ལག་དེབ་ཀྱི་དངུལ་འབུལ་མཁན་མང་ཤོས་སྲི་ཞུའི་ལས་བྱེད་དང་དམག་མི་ཚོ་ཡིན་པ་དང་། ཁོང་ཚོས་སོ་སོའི་ཕོགས་དོད་བརྒྱ་ཆ་༤ འབུལ་བཞིན་ཡོད་པ་ལྟར། བོད་རིགས་ཚོང་པ་རྣམས་ཀྱིས་ཀྱང་བརྒྱ་ཆ་༤ འབུལ་རྒྱུའི་རེ་སྐུལ་དེ་སྔོན་ནས་ཞུས་ཡོད་པ་ལྟར། དེ་ལྟར་ཡོང་ན་ཡག་པོ་ཡོད་སྐོར་དང་། ད་བར་སུད་ཚོང་བ་རྣམས་ཀྱིས་ཡ་རབས་བཟང་སྤྱོད་དང་ལྡན་པའི་ཐོག་ནས་ཚོང་ལས་གཉེར་ནས་མིག་དཔེ་བཟང་པོ་བཞག་ཡོད་པ་ལྟར་ཚོང་པ་གཞན་རྣམས་ཀྱིས་ཀྱང་ཞི་བ་དང་། ཆེ་མཐོང་དང་ལྡན་པའི་ཐོག་ནས་ཚོང་རྒྱག་དགོས་རྒྱུ་གལ་ཆེ་སྐོར། རྒྱ་གར་གྱིས་བཙན་བྱོལ་བོད་མི་ཚོ་མགྲོན་པོར་ངོས་འཛིན་གནང་གི་ཡོད་པ་ལས་སྐྱབས་བཅོལ་བ་ཞིག་ཏུ་ངོས་འཛིན་གནང་གི་མེད་གསུངས་པ་ལྟར། བོད་མི་ཚོས་ཚོང་ལས་ཆེ་ཆུང་ག་རེ་གཉེར་ནའང་ཡུལ་ཁྲིམས་དང་མཐུན་པའི་ཐོག་ནས་གཉེར་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་སོང་།
བོད་མིའི་ཚོང་ལས་བདེ་ཚོགས་དེ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེའི་བཀའ་ཤག་གི་ལམ་སྟོན་དང་སྲིད་ཇུས་ཐོག་ནས་བཙན་བྱོལ་བོད་མིིའི་སྤྱི་ཚོགས་ཁྲོད་ཚོང་པའི་སྒྲིག་འཛུགས་ཤིག་གལ་ཆེ་དོན་ཆེ་ལ་དགོངས་ནས་༢༠༠༥ ལོའི་ཕྱི་ཟླ་༩ པའི་ཚེས་༡༧-༡༨ ལ་བོད་རིགས་ཚོང་པ་༧༠ ལྷག་ཙམ་ལྷན་འཛོམས་གྱིས་གསར་འཛུགས་གནང་ཡོད་པ་དང་། ལོ་དེའི་ཕྱི་ཟླ་༡༠ ནང་ཁྲིམས་མཐུན་གྱི་དེབ་སྐྱེལ་བྱས་ཡོད་འདུག དེ་ནས་བཟུང་རིམ་བཞིན་འཕེལ་འགྱུར་གྱིས་ད་ཆ་རྒྱ་བལ་གཉིས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ནས་ཁྱོན་ཚོགས་མི་༣༦༧ ཡོད་པ་རེད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།