བོད་མིའི་འོས་བསྡུ་ས་གནས་ཁག་ཅིག་ནས་དུས་ཐོག་བྱེད་ཐུབ་རྒྱུར་དཀའ་ངལ་ཡོད་འདུག

ཕྱི་ལོ་༢༠༢༡ ལོའི་ཟླ་༡ ཚེས་༣ ཉིན་དུས་གཅིག་ལ་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་བྱེད་དགོས་ཀྱི་ཡོད་ནའང་། རྒྱ་ནད་ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་གྱི་རྐྱེན་གྱིས་ས་གནས་ཁག་ཅིག་ནས་དུས་ཐོག་འོས་བསྡུ་བྱེད་ཐུབ་མིན་གྱི་དཀའ་ངལ་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༤ ཉིན་སྦེལ་རྗམ་ས་གནས་འོས་བསྡུ་ཚོགས་ཆུང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ༢༠༢༡ ལོའི་བོད་མིའི་སྲིད་སྤྱིའི་འོས་བསྡུའི་ལས་རིམ་གནང་རྒྱུའི་གསལ་བསྒྲགས་བསྐྱངས་པ་དང་། འཛམ་གླིང་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་བྱུང་བ་དུས་མཉམ་བྱུང་ཡོད། འདི་ག་ས་གནས་འོས་བསྡུ་ལས་ཁང་ནས་ནད་ཡམས་ཀྱི་གནས་སྟངས་ཇི་ཆགས་ཚོད་དཔག་དཀའ་བས་ན། བོད་མིའི་འོས་བསྡུ་ལག་བསྟར་དངོས་སུ་གནང་རྒྱུར་དཀའ་ངལ་འཕྲད་སྲིད་ན། སྔོན་ཚུད་ནས་དེ་ལྟའི་དཀའ་སེལ་གྱི་འཆར་གཞི་དབུས་འོས་བསྡུ་ལས་ཁང་ནས་དགོངས་བཞེས་ཡོང་བ་སྔ་རྗེས་སྙན་འབོད་ཞུས་ཡོད་ཅེས་དེ་འབྲེལ་གྱི་དོན་ཚན་ཁག་ཅིག་སྤེལ་འདུག

འོས་བསྡུའི་སྐབས་བཀག་བསྐྱིལ་གྱི་དཀའ་ངལ། སྟབས་མ་ལེགས་པ་ཞིག་ལ་ཕྱི་ཟླ་ ༡༡ ཚེས་ ༢༧ ཉིན་སྦེལ་ལྗམ་གཞུང་ནས་ཕྱི་ལོ་ ༢༠༢༡ཟླ་ ཚེས་ ༡༥ བར་ཟ་ཁང་དང་། རིག་གཞུང་ལྟེ་གནས་ཁང་། མང་ཚོགས་མཉམ་འཛོམས་མུ་མཐུད་སྒོ་རྒྱབ་རྒྱུ། མི་སྒེར་ནང་གཞན་གཉིས་དང་། ཕྱི་ལོག་ཏུ་མི་བཞི་ལྷག་བསྡུ་འཛོམས་ཆོག་མིན་གསལ་བསྒྲགས་བྱུང་འཕྲལ། འདི་ནས་ ༢༠༢༠ ཟླ་ ༡༡ ཚེས་ ༣༠ ཉིན་དབུས་འོས་བསྡུ་ལས་ཁང་དུ་དེ་ལྟའི་གནས་སྟངས་འོག་ཁྲིམས་མཐུན་འོས་བསྡུ་ཡོང་ཐབས་འབྲལ་བ་དང་འབྲེལ། ལམ་སྟོན་སྐྱབས་འཇུག་ཞུས།

དབུས་འོས་བསྡུ་ལས་ཁང་ནས་ལམ་སྟོན། ༢༠༢༠ ཟླ་ ༡༢ ཚེས་ ཉིན་ལམ་སྟོན་ཕེབས་གསལ་དུ་དབུས་འོས་བསྡུ་ལས་ཁང་གི་སྲིད་བྱུས་དགོངས་དོན་ས་གནས་རང་ག་བའི་ནང་སྐུ་ངལ་རྐྱེན་པས་འོས་བསྡུ་ཕྱི་བཤོལ་གནང་ཐབས་མེད་པ་དང་ས་གནས་ནས་འོས་བསྡུ་ཞུ་ཐབས་བཀའ་བསྡུར་གནང་སྟེ་ལས་འཆར་ཕུལ་དགོས་ཞིང་། དེར་དབུས་འོས་བསྡུ་ལས་ཁང་ནས་རམ་འདེགས་ལམ་སྟོན་ཕུལ་རྒྱུ་ཡིན་ཞེས་གསུངས།

གོང་གི་ལམ་སྟོན་ཕེབས་འཕྲལ། ༢༠༢༠ ཟླ་ ༡༢ ཚེས་ དགོང་དྲོ་དྲ་ལམ་བརྒྱུད་ས་གནས་འོས་བསྡུ་འགན་འཛིན་དང་། འོས་བསྡུ་འགན་འཛིན་ལས་རོགས། ཚོགས་མི། ཟུར་དཔང་བསྡོམས་ ༣༠ བཅས་ནས་གྲོས་བསྡུར་འཐིལ་ཕྱིན་བྱས་པར། བོད་མིའི་མང་གཙོའི་ལམ་ལུགས་འོག་མི་མང་ནས་འོས་བསྡུར་མཉམ་ཞུགས་བྱ་རྒྱུ་ནི་ཐོབ་ཐང་ཙམ་མིན་པར་ལས་འགན་གཙོ་གནད་ཅན་ཞིག་ཡིན་པ་མཁྱེན་གསལ་དང་། དེ་ཡང་འཛམ་གླིང་ཡོངས་ལ་ནད་ཡམས་ཀྱི་ཁྱབ་གདལ་ཛ་དྲག་གནས་སྟངས་ལ་གཞིགས་ཏེ། དབུས་འོས་བསྡུ་ལས་ཁང་དང་། བོད་མིའི་སྒྲིག་འཛུགས་ནས་དེ་འབྲེལ་ས་གནས་ལམ་སྟོན་ལ་བརྩི་བསྐུར་ཞུ་དགོས་པའི་ལམ་སྟོན་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ནས་རྒྱུན་ཏུ་རྩ་བའི་ལམ་སྟོན་ལ་རྒྱལ་ཁབ་སོ་སོའི་ཡུལ་ཁྲིམས་ལ་བརྩི་བཀུར་ངེས་པར་ཞུ་དགོས་ཞེས་བཀའ་ཁྱབ་ཡོད་པས། ཁྲིམས་མཐུན་དང་། འོས་བསྡུ་སྒྲིག་གཞི་དང་མཐུན་པའི་འོས་བསྡུ་ཐུབ་ཆེད་ཀྱི་ཐབས་ཤེས་སུ་དགོངས་འཆར་གཉིས་བྱུང་ཞིང་། ཁྲིམས་མཐུན་གྱི་ཐོག་ནས་བྱ་ཐབས་ཀྱི་ཐབས་ལམ་གཅིག་ལས་མེད་པ་དང་། དེ་ཉིད་ནི་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་སུ་བོད་མིར་འོས་བསྡུ་བྱེད་ཆོག་པའི་དམིགས་བསལ་བཀའ་འཁྲོལ་ཐོབ་ཐབས་བྱེད་རྒྱུ། དེ་ནི་བཀའ་འཁྲོལ་ཐོབ་དཀའ་བར་མཐོང་། དེ་ཡང་བོད་རིགས་ཚོགས་པའི་ཚོགས་གཙོ་དང་འོས་བསྡུའི་འགན་འཛིན་ལས་རོགས་རིག་འཛིན་ཆོས་སྒྲོན་ལགས། ས་གནས་ འགན་འཛིན་གསུམ་ནས་འབད་བརྩོན་ཞུ་རྒྱུ་དང་། གལ་ཏེ་ ༢༠༢༠ ཕྱི་ཟླ་༡༢ ཚེས་ ༣༠ སྔོན་གོང་གི་ཐབས་ལམ་དེ་ལམ་ལྷོང་མ་བྱུང་ཚེ། ད་རེ་སྦེལ་ལྗམ་ལུང་པའི་བཀའ་ ཁྲིམས་འོག་འདི་ཁུལ་བོད་མིར་འོས་བསྡུའི་ཐོབ་ཐང་འབྲལ་རྒྱུར། དབུས་འོས་བསྡུ་ལས་ཁང་ནས་བསྐྱར་དུ་དགོངས་པ་ཆེ་བཞེས་ཀྱིས་འོས་བསྡུའི་ཐོབ་ཐང་གཏེར་ཆེད་འོས་བསྡུ་ཕྱི་བཤོལ་ཅི་ནས་ཡོང་བ་ཞུ། གོང་གི་ལས་འཆར་གཉིས་དགོངས་བཞེས་མ་བྱུང་ན་དབུས་འོས་བསྡུ་ལས་ཁང་ནས་སྦེལ་ལྗམ་བོད་མི་རྣམས་ལ་རྒྱལ་ཁབ་ཀྱི་ཛ་དྲག་ གནས་སྟངས་འོག་འོས་བསྡུའི་ནང་མཉམ་ཞུགས་མ་ཐུབ་པའི་ན་བློ་ཕམས་ཀྱི་རང་བཞིན་ལ་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ་ལས་མ་འདས་པ་བཅས་ཞེས་སྤེལ་འདུག

དེ་བཞིན་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་དུ་ཡང་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། དྷ་ས་མེག་གྷན་དུ་བོད་མི་ནད་པ་ཁག་ཅིག་བྱུང་བར་བརྟེན། མེག་གྷན་གྱི་གཞུང་ལམ་གཅིག་ད་ལྟ་སྒོ་བརྒྱབ་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།