བོད་མིའི་འོས་བསྡུའི་རྟོག་ཞིབ་ལས་དོན་གྱི་གསར་འགོད་གསལ་བསྒྲགས།

tokshepཟླ་འདིའི་ཚེས་༢༡ ཉིན་དྷ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་མིའི་འོས་བསྡུའི་རྟོག་ཞིབ་ལས་དོན་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང།

གསར་འགོད་གསལ་བསྒྲགས་ནང་དུ་སྐུ་ཚབ་མི་སྣ་བརྒྱད་ཀྱིས་རང་དབང་ལུང་པའི་ནང་དུ་ཡོད་པའི་བོད་པ་ཚོས་མང་གཙོའི་ཁེས་དབང་ལོངས་སུ་སྤྱད་པ་མཐོང་བར་དགའ་པོ་བྱུང་པ། བོད་པ་ཚོས་འོས་བསྡུའི་ནང་མཉམ་ཞུགས་བྱས་པ་དེས་བོད་པའི་ཆབ་སྲིད་ཀྱི་དཀའ་རྙོག་གསལ་བར་འདོད་མོས་ཡོད་པ་གསལ་སྟོན་བྱེད་ཀྱི་ཡོད་པ། དེ་བཞིན་སྲིད་སྐྱོང་གི་འོས་བསྡུ་དེ་འགྲན་རྩོད་ལྡན་པ་མ་ཟད། དངོས་འགྲོའི་འོས་བསྡུའི་རྗེས་ལ་སྲིད་སྐྱོང་འོས་མི་གཉིས་པོས་འཛམ་གླིང་ས་ཕྱོགས་གང་སར་འོས་བསྡུའི་ཁྱབ་བསྒྲགས་ཁྱབ་ཆེན་པོ་བྱས་ཡོད་པ། འོས་བསྡུའི་ཁྱབ་བསྒྲགས་ཀྱི་འགྲན་བསྡུར་ཆེན་པོ་དང་སྐབས་རེ་སྒེར་ལ་སྐྱོན་བརྗོད་བྱས་པ་ཡང་བྱུང་པ་སོགས་བཀོད་འདུག

དེ་བཞིན་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་ཀྱི་གསལ་བསྒྲགས་ཟླ་༤ པའི་ཚེས་༢༧ ཉིན་གྲུབ་རྗེས། ཁོ་ཚོས་འོས་བསྡུའི་ཁྱབ་བསྒྲགས་ཀྱི་འགྲོ་སོང་གི་སྒྲིག་གཞི་དང། འོས་བསྡུའི་ནང་བུད་མེད་ཀྱི་མཉམ་ཞུགས། ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་འདེམས་སྲོལ། རང་དབང་ཅན་གྱི་ལུང་པ་ཚང་མའི་ནང་སྡོད་མཁན་བོད་རིགས་ཚང་མར་འོས་འཕེན་པའི་ཆ་རྐྱེན་སྐྲུན་དགོས་པ་སོགས་ཀྱི་གནད་དོན་ཐད་དཔྱད་ཞིབ་སྙན་ཐོ་ཞིག་བཏོན་འཆར་ཡོད་སྐོར་བཀོད་འདུག

ཕྱི་ལོ་༢༠༡༡ ལོའི་འོས་བསྡུའི་སྐབས་སྐུ་ཚབ་མི་སྣ་ཁ་ཤས་སླེབས་ཡོད་པའི་ཁོངས་ནས་ཐེངས་འདིའི་འོས་བསྡུའི་སྐབས་ལ་ཡང་སླེབས་མཁན་བྱུང་འདུག་པ་དང། ཁོང་ཚོས་སྐབས་སྔ་མའི་འོས་བསྡུ་དང་བསྡུར་ན། ཐེངས་འདིར་འོས་བསྡུ་ལ་འགྲན་རྩོད་ཀྱི་རྣམ་པ་ཆེ་བ་དང། འོས་བསྡུ་གྲ་སྒྲིག་གི་ལས་རིམ་ཡང་ཡག་ཏུ་སོང་ཡོད་སྐོར་འགྲེལ་བརྗོད་བྱས་སོང།

གསར་འགོད་པ་སྐལ་བཟང་དོན་གྲུབ།