བོད་མིའི་སུད་ཚོང་ཁྲོམ་རར་མེ་སྐྱོན་ཚབས་ཆེན་བྱུང་བ།

ལྡི་ལིའི་ས་གནས་ལལ་ཀི་ལིར་ཡོད་པའི་ཀ་པུ་ཏར་བོད་མིའི་སུད་ཚོང་ཁྲོམ་རར་མེ་ཤོར་ནས། ཁྲོམ་ས་༡༤༠ ལྷག་ཡོད་པ་ཆ་ཚང་མེས་ཚིགས་ནས། གྱོང་གུན་ཧིན་སྒོར་ས་ཡ་༡༢༠ ཕོགས་ཡོད་པ་རེད།

14958633_1308161135874419_1430741433_nདེ་ཡང་ས་གནས་དེ་གར་བོད་མི་སུད་ཚོང་བ་ཚེ་དབང་ལ་གནས་འདྲི་བྱས་པར། ཟླ་འདིའི་ཚེས་༨ ཀྱི་མཚན་མོའི་ཆུ་ཚོད་༡ ཙམ་ལ་གློག་ལམ་འཁྲུག་པའི་རྐྱེན་གྱིས་མེ་ཤོར་ཡོད་འདུག་པ་དང་། དེ་གར་མེ་གསོད་རླངས་འཁོར་༡༤ ལྷག་སླེབས་ཡོད་འདུག་ཀྱང་། ཁྲོམ་ས་དེར་བོད་མིའི་ཁྲོམ་ས་གཞན་དང་མི་འདྲ་བར། བོད་མི་ཚོའི་ཁྲོམ་གྱི་ཅ་ལག་ཚང་མ་ཁྲོམ་སའི་ནང་དུ་བཞག་ཡོད་འདུག་པས། ཅ་ལག་ཆ་ཚང་མེས་ཚིགས་ནས་གྱོང་གུད་ཚབས་ཆེན་ཕོགས་ཡོད་འདུག དེ་གར་ཀ་ཤི་མིར་དང་། ཧི་མ་ཅཱལ་མངའ་སྡེ། རྡེ་ར་རྡུན། ལྷོ་ཕྱོགས་གཞིས་ཆགས་ཁག་སོགས་ནས་བོད་མི་སུད་ཚོང་པ་ཁྱིམ་ཚང་༡༤༠ ལྷག་ཡོད་འདུག
ད་ལྟའི་ཆར་ཚོང་འགོ་བཙུགས་ནས་དུས་ཚོད་ཏོག་ཙམ་ལས་ཕྱིན་མེད་པས། རང་ཉིད་ཀྱི་མ་རྩ་དངུལ་དང་དེ་བཞིན་རྒྱ་གར་ཚོང་པ་རྣམས་ལས་བླངས་པའི་བུ་ལོན་ཡང་ཕྱིར་སློག་བྱ་རྒྱུ་ཡིན་འདུག་པས། མི་མང་པོ་ཞིག་བྱ་ཐབས་བྲལ་ནས་ངུ་བཞིན་ཡོད་འདུག

དེ་གར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་དང་། དྷི་ལིའི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་ཚེ་དབང་རྒྱལ་པོ། དྷི་ལིའི་བསམ་ཡང་གླིང་གི་ས་གནས་འགོ་འཛིན་སོགས་སླེབས་ནས། མི་མང་དང་མཉམ་དུ་ཚོགས་འདུ་ཚོགས་ཡོད་འདུག་པ་དང་། དེ་གར་ཁོང་རྣམ་པས་སེམས་ཁྲལ་མི་དགོས་པ་དང་། དེའི་སྐོར་བཀའ་ཤག་སྙན་སེང་ཞུས་ནས་རོགས་རམ་གང་ཐུབ་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

བོད་མི་མང་པོ་ཞིག་ལ་ལོ་རེའི་འགྲོ་གྲོན་གཏོང་ཆེད་ཀྱི་ཡོངས་ཁུངས་གཙོ་བོ་ནི་དགུན་ཁའི་སུད་ཚོང་དེ་ཡིན་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།