བོད་མིའི་སུད་ཚོང་ཁྲོམ་རར་གཏོར་བཤིག་དང་བོད་མིར་རྡུང་རྡེག
ཟླ་འདིའི་ཚེས་༡༩ ཉིན་རྒྱ་གར་ཧིན་དྷའི་གསར་ཤོག་བྷ་སེ་ཀར་(Bhaskar) སྟེང་དུ་གནས་ཚུལ་བཀོད་གསལ། ཟླ་འདིའི་ཚེས་༡༨ ཉིན་རྒྱ་གར་གྱི་མངའ་སྡེ་ཧ་རི་ཡ་ནའི་ས་གནས་ (bahadurgarh) བྷ་ཧ་རྡུར་གྷར་ནང་གི་བོད་མིའི་སུད་ཚོང་ཁྲོམ་རར། རྒྱ་གར་ས་གནས་ཚོང་པ་མང་པོ་ཞིག་སླེབས་ནས་སུད་ཚོང་གི་གནས་སྐབས་ཚོང་ཁང་འཛུགས་བཞིན་པ་རྣམས་གཏོར་བཤིག་བཏང་ཡོད་འདུག
བོད་མི་ཚོས་དེ་ལྟར་མི་བྱེད་པའི་རེ་སྐུལ་བྱས་ཀྱང་མ་ཉན་པས། བོད་མི་སྐྱེས་པ་ཁག་ཅིག་དང་ལག་འཛིང་ཤོར་འདུག་པ་དང་། སྐབས་དེར་བོད་པའི་བུད་མེད་ཚོས་འཁྲུག་པ་འགོག་ཐབས་བྱས་འདུག་ཀྱང་། རྒྱ་གར་བས་བུད་མེད་ཚོར་ཡང་རྡུང་བཞིན། ཁྲོམ་ར་ནས་ཕྱིར་འབུད་བྱས་ཡོད་འདུག གནས་ཚུལ་དེ་དང་འབྲེལ་ནས་རྒྱ་གར་བ་༨ རྒྱ་གར་ཉེན་རྟོག་པས་འཇུ་བཟུང་བཀག་ཉར་བྱས་ཡོད་པ་དང་། བརྒྱུད་ལམ་གཞན་ཞིག་ཏུ་མི་༦ ཉེན་རྟོག་པས་འཇུ་བཟུང་བཀག་ཉར་བྱས་ཡོད་སྐོར་དང་། རྒྱ་གར་བ་ས་གནས་ཀྱི་ཚོང་པ་ཁག་ཅིག་གིས་བོད་མིས་ས་གནས་སུ་ཁྲོམ་ས་བཟུང་བ་དེས་ཁོང་ཚོའི་ཚོང་ལ་གནོད་སྐྱེལ་གྱི་ཡོད་སྐོར་བརྗོད་འདུག
ས་གནས་དེའི་བོད་མིའི་སུད་ཚོང་གི་འགན་འཛིན་བསྟན་འཛིན་གྱིས། བོད་མི་ཚོར་ས་གནས་དེར་སུད་ཚོང་རྒྱག་པའི་ཆོག་མཆན་རྒྱ་གར་དབུས་གཞུང་དང་རྫོང་གཉིས་ཀ་ནས་ཡོད་པ་དང་། རྒྱ་གར་དེ་ཚོས་བུད་མེད་དང་ཕྲུ་གུ་ཚོར་ཡང་རྡུང་རྡེག་བཏང་བས། ཉེས་ཆད་དྲང་བདེན་གཅོད་དགོས་སྐོར་བརྗོད་ཡོད་འདུག
དེ་བཞིན་ས་གནས་ཉེན་རྟོག་པའི་འགོ་འཛིན་གྱིས། ས་གནས་དེ་གར་ནག་ཉེས་གང་འདྲ་ཞིག་བྱས་ཀྱང་། དེ་ལ་ཉི་རིང་མེད་པར་ཉེས་ཆད་ཕོག་རྒྱུ་ཡིན་པས། ད་ལྟའི་ཆར་འཇུ་བཟུང་བྱས་པའི་མི་༨ རྣམས་ཉེས་ཅན་པ་ཡིན་མིན་གྱིས་ངོ་ཐག་གཅོད་བཞིན་ཡོད་སྐོར་བརྗོད་འདུག
ཉེན་རྟོག་པས་རྒྱ་གར་བ་༨ འཇུ་བཟུང་བྱས་པར་བརྟེན། རྒྱ་གར་ས་གནས་ཀྱི་ཚོང་ཁང་བདག་པོ་མང་པོ་ཞིག་ཁོང་ཁྲོ་ལངས་ནས། ཉེན་རྟོག་ཁང་དུ་སླེབས་ཡོད་འདུག གནས་ཚུལ་དེ་དང་འབྲེལ་ནས་རྒྱ་གར་ཚོང་ཁང་སྐྱིད་སྡུག་གིས་ད་ལྟའི་ཆར་གང་ཡང་བྱས་མེད་པ་རེད་འདུག
འདི་གའི་གསར་འགོད་པས་བོད་མིའི་སུད་ཚོང་བའི་འགན་འཛིན་ཀརྨ་དགེ་ལེགས་ལ་གནས་ཚུལ་དེའི་སྐོར་གནས་འདྲི་བྱས་པར། ཁོང་གིས་དེའི་སྐོར་ལ་ད་ལྟ་ཤེས་རྟོགས་བྱུང་མེད་པ་རེད།
གསར་འགོད་པ་སྐལ་བཟང་དོན་གྲུབ།