བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༦ པ་གཞུང་འབྲེལ་གྱིས་སྲུང་བརྩི་ཞུས་སོང་།

བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༦ པ་དང་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོ་གཞུང་འབྲེལ་མཛད་སྒོ་དེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ་འཚོགས་གནང་ཡོད་པ་དང་། ཐེངས་འདིར་སི་ལོ་ཝ་ཀི་ཡའི་སྲིད་ཟུར་དང་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་བཅས་སྐུ་མགྲོན་དུ་ཕེབས་ཡོད་པ་རེད།
ལོ་ལྟར་ཕྱི་ཟླ་༣ པའི་ཚེས་༡༠ ནི་བོད་ཀྱི་རྒྱལ་ས་ལྷ་སར་མདོ་དབུས་ཁམས་གསུམ་གྱི་བོད་མི་ཚོས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་ནག་དམར་པོའི་བཙན་འཛུལ་བའི་སྡུག་རྩུབ་ཆེ་བའི་བྱ་སྤྱོད་ལ་མ་བཟོད་པར་ངོ་རྒོལ་ཆེད་སྒེར་ལངས་རྒྱ་ཆེར་བྱུང་བར་བརྟེན། རྒྱ་དམག་གི་དྲག་གནོན་འོག་བོད་མི་ཁྲི་ཕྲག་དུ་མའི་གཅེས་པའི་ཚེ་སྲོག་ཤོར་བ་སོགས་བོད་མི་རྣམས་ལ་མཚོན་ན་དུས་དྲན་གལ་ཆེན་ཞིག་ཡིན་པ་བཞིན། ལོ་འདིའི་དུས་དྲན་ཡང་ནམ་རྒྱུན་བཞིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་འཚོགས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་Slovakiaསི་ལོ་ཝ་ཀི་ཡའི་སྲིད་འཛིན་ཟུར་པAndrej kiska་ཨན་ཌི་རེ་ཇི་ཀིསི་ཀ་དང་དམིགས་བསལ་སྐུ་མགྲོན་Estonianཨི་སི་ཊོ་ནི་ཡའི་གྲོས་ཚོགས་ཚོགས་ཆུང་སྣེ་ཁྲིད་པ་Yuku-Kalle Raid ཡུ་ཀུ་ཀ་ལེ་རེཌ། དེ་བཞིན་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་རྣམས། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་གཞུང་ཞབས། སློབ་ཕྲུག་རྣམས་གཙོས་པའི་སེར་སྐྱ་མི་མང་རྣམས་འཛོམས་རྗེས། བོད་ཀྱི་ཟློས་གར་གྱིས་རྔ་རོལ་དང་ལྷན་དུ་བོད་རྒྱལ་ཁབ་ཆེན་པོ་དང་རྒྱ་གར་རྒྱལ་ཁབ་ཀྱི་རྒྱལ་གླུ་ལེན་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གིས་བོད་རྒྱལ་ཁབ་ཀྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་ཞིང་།
དེའི་རྗེས་སུ་བཀའ་སྤྱི་གཉིས་ནས་གསུང་བཤད་སོ་སོར་སྒྲོག་སྦྱངས་གནང་ཡོད། བཀའ་ཤག་གི་གསུང་བཤད་ནང་དུ། མི་ལོ་༦༦ གོང་གི་དེ་རིང་། བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་ཚོས་རྒྱ་དམག་གི་རྩུབ་སྤྱོད་ལ་མ་བཟོད་པར་བོད་མིའི་སྒེར་ལངས་བྱུང་ཞིང་། སྐབས་དེར་རྒྱ་དམག་གི་དྲག་གནོན་ལ་བརྟེན་ནས་བོད་མི་ཁྲི་ཕྲག་དུ་མའི་ཚེ་སྲོག་ཤོར་བ། བོད་མིའི་ཁྲིམས་མཐུན་གྱི་གཞུང་དགའ་ལྡན་ཕོ་བྲང་དང་དེའི་རྗེས་སུ་སྙེག་མཁན་བོད་མི་ཁྲི་བརྒྱད་ཙམ་བཙན་བྱོལ་དུ་ཡོང་དགོས་བྱུང་ཚུལ། དེ་བཞིན་འདས་པའི་མི་ལོ་ ༦༦ རིང་།རྒྱ་ནག་གི་དབང་འཛིན་པ་ཚོས་བོད་མི་རིགས་རྩ་མེད་གཏོང་རྒྱུའི་དམིགས་ཡུལ་སྦས་སྐུང་མེད་པར། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་འཛུགས་ཟེར་བ་བསྒྲགས་ནས་བོད་མི་རིགས་ཀྱི་ངོ་བོ་འདོར་དུ་བཅུག་སྟེ། རྒྱ་རིགས་ཡིན་པའི་འདུ་ཤེས་བཙན་འགེལ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུ་ཟེར་ནས་བོད་མིའི་ཆོས་དད་རང་དབང་ཕྲོགས་ཏེ་དགོན་པ་སློབ་གྲྭ་ཅན་དུ་བཙན་བསྒྱུར། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཟེར་བར་བསྙད་དེ། སློབ་གྲྭ་དང་སྤྱི་ཚོགས་སྟེང་བོད་ཡིག་སློབ་གཉེར་དང་བཀོལ་སྤྱོད་ལ་ཕྱོགས་ཡོངས་ནས་འགོག་གནོན། བོད་ཀྱི་རི་ཀླུང་རྒྱན་རྩེད་ལྟར་གཏེར་ཁ་སྔོག་འདོན་དང་འཛུགས་སྐྲུན་རྣམ་གྲངས་འདྲ་མིན་གྱིས་ཁོར་ཡུག་གཏོར་སྐྱོན་གཏོང་བ་སོགས་ཀྱི་སྲིད་ཇུས་ལག་ལེན་བསྟར་བཞིན་པ་ནི། འགྲོ་བ་མིའི་ཐུན་མོང་རིན་ཐང་ལ་རྒྱབ་འགལ་དང་། སྤྱི་ཚོགས་འཕེལ་འགྲོས་ལ་རྒྱབ་ཀྱིས་ཕྱོགས་པའི་རང་གཞན་གཉིས་ཕུང་གི་ལས་ཡིན་པ་མི་འགྱངས་བར་ར་སྤྲོད་བྱེད་ངེས་ཡིན་པ། དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས། མགོན་པོ་གང་གི་མཛད་ཁུར་བཞིས་མཚོན་ད་བར་འཛམ་གླིང་སྤྱི་དང་བོད་ཀྱི་རང་དབང་སླར་གསོའི་སླད་ཀྱི་མཛད་པ་དང་། དེ་དག་གི་དགེ་མཚན། ལྷག་ཏུ་བོད་མི་ཚོས་མཛད་པ་དག་ཉམས་སུ་ལེན་རྒྱུ་དང་སྤྱི་དོན་ནུས་པ་མཉམ་སྤུངས་བྱ་རྒྱུའི་གལ་གནད་སོགས་གསུངས་སོང་།

དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང་དུ། བོད་མིིིའི་སྒེར་ལངས་ཀྱི་བྱུང་རིམ་དང་། ད་བར་རྒྱ་གཞུང་གིས་བོད་ཐོག་མཁྲེགས་འཛིན་གྱིས་ལངས་ཕྱོགས་དང་སྲིད་བྱུས་ལག་བསྟར། བོད་མི་གྲངས་ ༡༥༧ ནས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་དགོས་བྱུང་ཡོད་ཀྱང་རྒྱ་གཞུང་གིས་བོད་ནང་རང་དབང་དང་བདེ་སྐྱིད་ཡོད་ལུགས་རྫུན་བཤད་ཁོ་ནས་རྒྱ་ནག་ནང་དང་རྒྱལ་སྤྱིའི་གཞུང་དང་མི་མང་རྣམས་ལ་བསླུ་བྲིད་ཀྱིས་བོད་ནང་གི་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་དྲིལ་བསྒྲགས་ལོག་པ་སྤེལ་བཞིན་ཡོད་པ། བོད་ནང་གི་སྨྲ་བརྗོད་རང་དབང་། རྒྱ་ནག་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་སོགས་ཀྱི་སྐོར་ཡུ་རོབ་མཐུན་ཚོགས་གཙོས་པའི་རྒྱལ་ཁབ་ཚོས་སྙན་ཐོ་བཏོན་པ་དང་བསྒྲགས་གཏམ་སྤེལ་བ་སོགས་བྱས་པའི་སྐོར། སྐུའི་ཡང་སྲིད་ཕེབས་ཕྱོགས་ལ་རྒྱ་གཞུང་གིས་ཐེ་བྱུས་བྱེད་བཞིན་པར་བོད་མི་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཡིད་ཆེས་བྱ་མི་སྲིད་པ། ལོ་རྒྱུས་ཐོག་ནས་བོད་རང་བཙན་གྱི་རྒྱལ་ཁབ་གཅིག་དང་རྒྱ་གཞུང་གིས་བོད་བཙན་བཟུང་བྱས་པ་དང་འབྲེལ། རྒྱ་གཞུང་ནས་གུ་ཡངས་དང་བསམ་ཤེས་ཡེ་ནས་མེད་པའི་མཁྲེགས་འཛིན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱས་ཚེ་བོད་རྒྱ་གཉིས་དབར་མཇུག་འབྲས་བཟང་པོ་མི་ཡོང་བར་ཚོད་དཔག་བྱེད་ཐུབ་ཚུལ། དེ་བཞིན་རྒྱ་ནག་གི་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་དང་དོན་དངོས་དང་མི་མཐུན་པའི་ཆ་རྐྱེན་རིགས་ནམ་ཡང་ཁས་ལེན་བྱ་ཐབས་མེད་པས། དེ་འདྲའི་ཆ་རྐྱེན་མུ་མཐུད་བཏོན་ནས་བོད་རྒྱ་འབྲེལ་མོལ་ཐད་བར་ཆད་ཀྱིས་གཉིས་ཕན་གྱི་སྲིད་བྱུས་ལམ་ལྷོངས་མ་བྱུང་ཚེ་དེའི་འགན་འཁྲི་ཡོངས་རྫོགས་རྒྱ་ནག་དམར་གཞུང་གིས་འཁུར་དགོས་པ་ནན་བརྗོད་དང་། རྒྱ་གཞུང་གིས་ས་ཁྱོན་ཁག་བགོས་སོགས་ཇི་ལྟར་བྱས་ཀྱང་མདོ་དབུས་ཁམས་གསུམ་གྱི་བོད་མིའི་ཚོའི་ཤ་རུས་གཅིག་གི་སྤུན་ཟླའི་འདུ་ཤེས་དང་ལ་རྒྱ་བོར་མེད་པ། ༧གོང་ས་མཆོག་གི་བླ་མེད་ཀྱི་དགོངས་གཞི་དང་མཛད་འཕྲིན་སོགས་ལ་འཛམ་གླིང་ནང་དགའ་མོས་དང་གདེང་འཇོག་བྱས་དང་བྱེད་བཞིན་པ་སོགས་དང་།
དེང་གི་འཆར་འཛམ་གླིང་ནང་ཆབ་སྲིད་ཀྱི་འགྱུར་འགྲོས་ཧ་ཅང་མྱུར་པོ་ཆགས་ཡོད་པས་རང་རེ་བཙན་བྱོལ་བོད་མི་རྣམས་ཀྱིས་བོད་དང་བོད་མིར་ཕན་པའི་དམིགས་བསལ་གོ་སྐབས་བཟང་པོ་རྣམས་དམ་འཛིན་བྱ་ཐུབ་དགོས་པ་སོགས་འཁོད་འདུག དེའི་རྗེས་སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་གྱིས་ཐོག་མར་བོད་དང་༧གོང་ས་མཆོག་ངོ་ཤེས་ཚུལ། བོད་ཀྱི་གནས་སྟངས། བོད་ལ་རྒྱབ་སྐྱོར་བྱེད་དགོས་དོན། དབུ་མའི་ལམ་གྱི་སྲིད་བྱུས། འཛམ་གླིང་ཚང་མ་ར་ཡུའི་དམག་འཁྲུག་ལ་མགོ་འཁོར་ཡོད་ཚུལ། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྐོར་གཏམ་བཤད། ཐུགས་རྗེ་ཆེ་ཞུ་སོགས་གྲུབ་རྗེས། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཚོའི་གོ་སྒྲིག་འོག་བོད་མི་ཚོས་ལག་ཏུ་རྒྱལ་དར་རེ་བཟུང་སྟེ་སྐད་སྒྲ་མཐོན་པོས་དཔའ་བོའི་རྡོ་རིང་ནས་ཀ་ཅ་རིའི་བར་གྱི་ངོ་རྒོལ་སྐད་འབོད་ཀྱི་གོམ་བགྲོད་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་འགོ་བཙུགས་ཡོད་པ་དང་། གཞན་ཡང་སྐུ་མགྲོན་གཉིས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གནང་ཡོད་པ་རེད། གོང་གསལ་སྐུ་མགྲོན་གྱི་གཏམ་བཤད་དང་གསར་འགོད་ལྷན་ཚོགས་ཀྱི་བརྗོད་སྙིང་ལོག་ཏུ་འགོད་རྒྱུ་བཅས།
གསར་འགོད་པ། བསྟན་འཛིན་ལམ་བཟང་།