བོད་མིའི་སྒྲིག་འཛུགས་ཀྱིས་སློབ་མ་རྣམས་རང་གནས་སུ་སྐྱེལ་ཐབས་བྱེད་བཞིན་ཡོད་འདུག
རྒྱ་གར་ནང་ཁྱིམ་སྡོད་བཀའ་རྒྱ་ལ་བརྟེན་ནས་རྒྱ་གར་གྱི་གྲོང་ཁྱེར་ཁག་ཏུ་མཐོ་སློབ་ཏུ་བསྐྱོད་བཞིན་པའི་བོད་པའི་སློབ་མ་མང་པོ་ཞིག་རང་གནས་སུ་བསྐྱོད་མ་ཐུབ་པར་ལྷག་ཡོད་པ་རེད། དེའི་ཐོག་མཐོ་སློབ་ཁག་ཅིག་གི་སྡོད་ཁང་རྣམས་ཏོག་དབྱིབས་ནད་དུག་བཀག་འགོག་གི་ལས་དོན་ཆེད་དུ་བེད་སྤྱོད་བྱེད་རྒྱུ་ཡིན་འདུག་པས། བོད་མིའི་སྒྲིག་འཛུགས་ཀྱིས་གནས་སྟངས་དེའི་འོག་གི་བོད་མིའི་སློབ་མ་རྣམས་རང་གནས་སུ་སྐྱེལ་བའི་ལས་དོན་ལ་འཇུག་བཞིན་ཡོད་འདུག
དེ་ཡང་ཟླ་༥ པའི་ཚེས་༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཡིག་དྲ་རྒྱ་ཐོག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་གར་གྱི་མངའ་སྡེ་གྷུ་ཇུ་ར་ཌ་ནང་གི་བྷ་རོ་ཌ་གྲོང་ཁྱེར་དུ་ཡོད་པའི་མཐོ་སློབ་ཏུ་སློབ་གཉེར་བྱེད་མཁན་བོད་མིའི་སློབ་མ་༨༣ ཞིག ཁྱིམ་སྡོད་བཀའ་རྒྱ་རིམ་པ་དང་པོ་ནས་མཐོ་སློབ་ཀྱི་སྡོད་ཁང་དུ་གནས་སྡོད་བྱེད་བཞིན་ཡོད་ཀྱང་། ཉེ་ཆར་མཐོ་སློབ་ཀྱི་འཛིན་སྐྱོང་ནས་མཐོ་སློབ་དེ་སྔོན་འགོག་ཟུར་བཅད་ཁང་དུ་བེད་སྤྱོད་བྱེད་རྒྱུ་ཡིན་པས། སློབ་མ་རྣམས་སྡོད་ཁང་ནས་ཐོན་དགོས་པའི་བཀའ་བཏང་ཡོད་འདུག་པས། བོད་མིའི་སྒྲིག་འཛུགས་ནས་སློབ་མ་རྣམས་རང་གནས་སུ་བདེ་འཇགས་ངང་སྐྱེལ་ཆེད་དུའབྲེལ་ཡོད་མངའ་སྡེ་ཁག་དང་འབྲེལ་བ་བྱས་ཏེ། དགོས་ངེས་ཀྱི་འགྲིམ་འགྲུལ་མཐུན་རྐྱེན་གོ་སྒྲིག་བྱས་ཡོད་འདུག
ད་ལྟའི་ཆར་སློབ་མ་༢༩ ཞིག་འགྲུལ་སྐྱེལ་རླངས་འཁོར་བརྒྱུད་རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་དུ་བདེ་འཇགས་ངང་བསྐྱལ་ཐུབ་ཡོད་འདུག སློབ་མ་རྣམས་ཀྱི་འགྲིམ་འགྲུལ་འགྲོ་སོང་ཚང་མ་བོད་མིའི་སྒྲིག་འཛུགས་ཀྱིས་བཏང་ཡོད་པ་མ་ཟད། སློབ་མ་རེར་ཉིན་རེར་ཧིན་སྒོར་༡༠༠༠ རེ་ཡང་གནང་ཡོད་འདུག དེ་བཞིན་ལ་དྭགས་ནས་ཡིན་པའི་བོད་མིའི་སློབ་མ་༡༠ ལ་རང་གནས་སུ་བསྐྱོད་ཆེད་དུ་ཧིན་སྒོར་༥༠༠༠ རེ་གནང་ཡོད་འདུག
གནས་ཚུལ་ནང་དུ་སློབ་མ་རྣམས་ཀྱི་བདེ་འཇགས་ཆེད་དུ་རླངས་འཁོར་གཙང་བཟོ་དང་། འགྲིམ་འགྲུལ་མ་བྱས་པའི་སྔོན་ནས་ཁ་ལོ་བ་དང་རླངས་འཁོར་ནང་ཡོད་མཁན་ཚང་མར་འཕྲོད་བསྟེན་བརྟག་དཔྱད་བྱས་ཡོད་སྐོར་བརྗོད་འདུག
དེ་བཞིན་ཤེས་རིག་ལས་ཁུངས་ནས་ས་གནས་དེ་ནས་སློབ་མ་ལྷག་མ་རྣམས་ཧི་མ་ཅལ་མངའ་སྡེ་དང་བྱང་ཤར་ས་ཁུལ། དེ་བཞིན་ས་གནས་གཞན་དུ་སྐྱེལ་ཐབས་སུ་འབད་བཞིན་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།