བོད་མིའི་སྒྲིག་འཛུགས་ནས་ནད་ཡམས་འགོག་སྲུང་ཆེད་དུ་ཧིན་སྒོར་འབུམ་གསུམ་ཞལ་འདེབས་བརྒྱབ། 

ཀང་རཱ་རྫོང་ལས་ཁུངས་ནས་ཏོག་དབྱིབས་ནད་ཡམས་འགོག་སྲུང་གི་འབད་བརྩོན་ལེགས་པོ་གནང་བཞིན་པར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད། བོད་མིའི་སྒྲིག་འཛུགས་ཀྱིས་དེ་གའི་རྫོང་རོགས་སྐྱོར་ཐེབས་རྩར་ཧིན་སྒོར་འབུམ་ ༣ ཞལ་འདེབས་ཕུལ་བའི་ཐོག བོད་མི་རྣམས་ལའང་དང་བླང་ཐོག་ནས་རྒྱབ་སྐྱོར་དང་ཞལ་འདེབས་འབུལ་བའི་སྐུལ་མ་བཏང་འདུག 

དེ་ཡང་ཟླ་ ༤ ཚེས་ ༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ནས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པའི་ཉིན་སྲིད་སྐྱོང་བློ་བཟང་སེང་གེས་སྣེ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ནས་ཀང་རཱ་རྫོང་གི་རོགས་སྐྱོར་ཐེབས་རྩར་ཧིན་སྒོར་འབུམ་ ༣ ཞལ་འདེབས་ཕུལ་ཏེ་རྫོང་གི་ནད་ཡམས་སྔོན་འགོག་གི་ལས་འགུལ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོན་པ་བྱས་འདུག 

སྲིད་སྐྱོང་བློ་བཟང་སེང་གེས་ཀང་རཱ་རྫོང་གི་རྫོང་དཔོན་རཱ་ཁི་ཤི-ཁུ་མར་(Rakesh Kumar Prajapati)ལ་ཕུལ་བའི་ཡི་གེའི་ནང་འགོད་དོན། “ཁྱེད་ཀྱིས་ནུས་པ་ལྡན་པའི་སྒོ་ནས་[ཀང་རཱ་]རྫོང་དུ་ནད་ཡམས་ཁྱབ་གདལ་མ་ཕྱིན་པར་འགོག་སྲུང་ཐུབ་པ་གནང་བ་མ་ཟད། ཐེམ་སྤང་བཀའ་རྒྱ་དྲག་པོའི་འོག་ཏུའང་མི་མང་ཚོ་ལ་ཉེར་མཁོའི་དངོས་པོ་དང་སྨན་རྫས་རྣམས་མུ་མཐུད་མཁོ་སྤྲོད་ཐུབ་པ་གནང་ཡོད།

“ང་ཚོའི་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད། བོད་མིའི་སྒྲིག་འཛུགས་ནས་རྫོང་གི་ནད་ཡམས་རོགས་སྐྱོར་ཐེབས་རྩར་ཧིན་སྒོར་འབུམ་ ༣ ཞལ་འདེབས་སུ་འབུལ་རྒྱུ་ཡིན་ལ། ང་ཚོས་མུ་མཐུད་ནས་ཁྱེད་ཀྱི་གཡོ་བ་མེད་པའི་འབད་བརྩོན་ལ་གཞོགས་འདེགས་བྱ་རྒྱུ་ཡིན།”

གཞན་ཡང་། ཁོང་གིས་དཀའ་ཉེན་གྱི་དུས་ཚིགས་འདིར་རྫོང་དཔོན་གྱིས་བོད་མིའི་སྤྱི་ཚོགས་ལ་རྒྱབ་སྐྱོར་གནང་བ་དང་། ལྷག་པར་དུ་ནད་ཡམས་འདིར་གདོང་ལེན་བྱེད་ཕྱོགས་ཐད་ཀྱི་ལམ་སྟོན་ཡང་ཡང་གནང་བར་བཀའ་དྲིན་ཆེ་ཞུས་པའི་མཐར། “ངས་དྷ་སའི་བོད་མིའི་སྤྱི་ཚོགས་ཀྱི་ཚབ་ཞུས་ཏེ་ཁྱེད་དང་ཁྱེད་ཀྱི་རུ་ཁག་གི་ཕུལ་དུ་བྱུང་བའི་འབད་བརྩོན་ལ་སྙིང་ཐག་པ་ནས་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུའོ་”ེཞེས་ཡི་གེའི་མཇུག་བསྡུས་འདུག

ཧིན་སྒོར་འབུམ་གསུམ་གྱི་དངུལ་འཛིན་དེ་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་དང་། དྷ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་། བསྟན་འཛིན་སྐལ་བཟང་བཅས་ཀྱིས་རྫོང་དཔོན་ལ་ཕུལ་འདུག་ཅིང་།  རྫོང་དཔོན་ནས་ཀྱང་བོད་མིའི་སྒྲིག་འཛུགས་ལ་ཐུགས་རྗེ་ཆེ་གསུངས་པ་དང་སྦྲགས།  དྷ་སའི་ཁུལ་གནས་བོད་མི་ཚོས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པའི་རྫ་དྲག་གི་དུས་སྐབས་འདིར་བཀའ་གསུང་ཅི་སྒྲུབ་ཐོག་ཡུལ་ཁྲིམས་ལ་བརྩི་བཀུར་དང་ལེན་གནང་བར་བསྔགས་བརྗོད་གནང་འདུག

བོད་མིའི་སྐུ་ཚབ་རྣམ་པས་རྫོང་དཔོན་གཞོན་པའི་ལས་ཁུངས་སུའང་བཅར་ནས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། འབྱུང་འགྱུར་ལ་ཏོག་དབྱིབས་ནད་ཡམས་སྔོན་འགོག་དང་འབྲེལ་བའི་ལམ་སྟོན་ཇི་ཡོད་རྣམས་མཐའ་གཅིག་ཏུ་སྲུང་བརྩི་ཞུ་རྒྱུའི་ཁས་ལེན་ཡང་གནང་འདུག།

གསར་འགོད་པ་དཀོན་མཆོག་རབ་བརྟན།