བོད་མིའི་སྒྲིག་འཛུགས་ཀྱི་རོགས་དངུལ་ཨ་སྒོར་ས་ཡ་༢༣ གྱི་ལས་གཞི་འགོ་འཛུགས།
ཟླ་འདིའི་ཚེས་༣ ཉིན་དྷ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེང་གེ་དང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་གཉིས་ཀྱིས་ཨ་རིའི་གཞུང་གིས་ཨ་རིའི་རྒྱལ་སྤྱིའི་འཕེལ་རྒྱས་ལྟེ་གནས་ཁང་(US AID)བརྒྱུད། རོགས་དངུལ་ཨ་སྒོར་ས་ཡ་༢༣ རག་ཡོད་པའི་སྐོར་གྱི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སོང་།
སྲིད་སྐྱོང་གིས་གསུང་དོན། ལོ་ལྔའི་ལས་གཞི་ལག་བསྟར་དེ་ཟླ་༡༠ པ་ནས་འགོ་བཙུགས་རྒྱུ་ཡིན་པ་དང་། ལས་གཞི་དེ་ཡང་རྒྱ་གར་དང་བལ་ཡུལ། འབྲུག་བཅས་ཀྱི་ནང་དུ་སྡོད་མཁན་གྱི་བོད་མི་རྣམས་ཀྱི་ཆེད་དུ་ཡིན་པ་དང་། དེ་ཡང་ལས་གཞི་འདི་གཙོ་བོ་བོད་མི་རྣམས་ཀྱི་འཚོ་བའི་རྟེན་གཞི་ཡར་རྒྱས་དང་གཞིས་ཆགས་སྲ་བརྟན། དེ་བཞིན་བཙན་བྱོལ་བོད་མི་སྤྱི་ཡོངས་དང་དམིགས་བསལ་བོད་མིའི་སྒྲིག་འཛུགས། དེ་བཞིན་རྩ་དོན་གྱི་ནུས་སྟོབས་གོང་འཕེལ་གྱི་ཆེད་དུ་ཡིན་སྐོར་གསུངས་སོང་།
ཁོང་གིས་ལས་གཞི་འདི་དེ་སྔོན་གྱི་ལས་གཞི་ཁག་དང་མི་འདྲ་བ་ཞིག་ནི། གཞིས་ཆགས་རེ་རེའི་ནང་སྲ་བརྟན་སྲ་བརྟན་ཆེད་དང་འཕྲོད་བསྟེན། ཤེས་ཡོན་སོགས་ཀྱི་ཐོག་འཆར་གཞི་བསྒྲིགས་ནས། ལོ་ལྔའི་རིང་ལས་གཞི་སྤེལ་རྒྱུ་དང་། དེ་ཡང་ཕྱི་ལོ་༢༠༡༦ དང་༢༠༡༧ ལ་ས་གནས་ཁག་ལ་ལས་གཞིའི་ཆེད་རྟོག་ཞིབ་བྱེད་རྒྱུ། སྐབས་དེར་བོད་མི་ཚོས་མཉམ་ཞུགས་བྱས་ཏེ་གྲུབ་འབྲས་དང་བསྟུན་ནས། ལས་གཞི་སྤེལ་རྒྱུ་ཡིན་པ་རེད། ལས་གཞི་དེའི་ནང་དངུལ་ཁང་འཛུགས་རྒྱུའི་ལས་འཆར་དེ་ཚུད་ཀྱི་ཡོད་སྐོར་གསུངས་སོང་།
དེ་བཞིན་གཞིས་ཆགས་ཁག་ལ་རྩེད་ཐང་དང་དཔེ་མཛོད་སོགས་རྒྱག་འཆར་ཡོད་སྐོར་གསུངས་སོང་།། གསར་འགོད་པ་སྐལ་བཟང་དོན་གྲུབ།