བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རིའི་གཞུང་མང་གཉིས་ནས་བོད་དོན་ཁྲིམས་འཆར་གཏན་ལ་ཕབ་པར་ཐུགས་རྗེ་ཆེ་ཞུས་སོང་།

བོད་མིའི་སྒྲིག་འཛུགས་ཀྱིས་དྷ་སའི་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་གཞུང་འབྲེལ་མཛད་སྒོ་སྟབས་བདེ་ཞིག་འཚོགས་ཏེ། ཨ་རིའི་གཞུང་མང་གཉིས་ནས་༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་་གཏན་ལ་ཕབ་པར་ཐུགས་རྗེ་ཆེ་ཞུས་སོང་། 

ཕྱི་ཟླ་༡ ཚེས་༨ རེས་གཟའ་པ་སངས་ཉིན་འཚོགས་པའི་གཞུང་འབྲེལ་མཛད་སྒོ་དེའི་ཐོག སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོས་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། གཞུང་ཞབས་ལས་བྱེད་རྣམས་ཕེབས་བཅར་གནང་འདུག 

གཞུང་འབྲེལ་མཛད་སྒོ་དེའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་“བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཇི་ལྟར་ཁྲིམས་སུ་གྱུར་ཚུལ་”ཞེས་པའི་གཏམ་བཤད་ཅིག་གནང་བའི་ནང་། ཁོང་གིས་ལོ་རྒྱུས་རང་བཞིན་ཅན་གྱི་ཁྲིམས་འཆར་དེ་གཏན་འབེབས་ཡོང་བའི་ཆེད་ཁོང་ཨ་རིར་ཕེབས་ནས་གལ་ཆེའི་གནད་ཡོད་མི་སྣ་སུ་དང་ཐུག་འཕྲད་ཞུས་པ་དང་། ཇི་ལྟར་མི་སྣ་དེ་དག་དང་དངོས་སུ་མཇལ་འཕྲད་ཞུས་པ་དང་། དེ་བཞིན་ཁ་པར་དང་གློག་འཕྲིན་བརྒྱུད་དེ་སྐུལ་འདེད་རྒྱུན་མི་ཆད་པར་ཞུས་པར་བརྟེན་ནས་མཐར་ཁྲིམས་འཆར་དེ་དངོས་སུ་ཨ་རིའི་ཁྲིམས་སུ་གཏན་ལ་འབེབས་ཐུབ་པ་བྱུང་བའི་བརྒྱུད་རིམ། དེ་བཞིན་༢༠༢༠ ལོའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་༢༠༠༢ ལོའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ལ་གཞི་བཞག་པ་ཞིག་ཡིན་ན་ཡང་། དེ་གཉིས་ཀྱི་ཁྱད་པར་གང་ཡོད་སོགས་ཀྱི་འགྲེལ་བཤད་ཞིབ་གསལ་ཞིག་གནང་སོང་། 

ལོ་སྔོན་མའི་ཕྱི་ཟླ་༡༢ ཀྱི་སྨད་དུ་གཏན་ལ་ཕབ་པའི་༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་དེ་ནི། ཨ་རིའི་གཞུང་ནས་འདས་པའི་ལོ་ངོ་༦༠ ཙམ་གྱི་ནང་དུ་བཞག་པའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་གལ་གནད་ཆེ་ཤོས་དེ་ཡིན་འདུག་སྟེ། ཁྲིམས་དེའི་ནང་༧གོང་ས་མཆོག་གིས་གཙོས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་བཙལ་འཚོལ་དང་ངོས་འཛིན་བྱེད་པའི་དབང་ཚད་དང་བདག་དབང་ཆ་ཚང་བོད་མི་རང་ལ་ཡོད་པ་དང་། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཡན་ལག་ཅིག་འཛུགས་མ་ཐུབ་བར་དུ་ཨ་རིའི་ས་ཐོག་ཏུ་རྒྱ་ནག་གི་གཞུང་ཚབ་ཡན་ལག་འཛུགས་མི་ཆོག་པ་སོགས་གཏན་ལ་ཕབ་ཡོད་པ་རེད། 

མཛད་སྒོ་དེའི་ཐོག སྲིད་སྐྱོང་བློ་བཟང་སེང་གེས་ཁྲིམས་འཆར་དེའི་ནང་བོད་མིའི་སྒྲིག་འཛུགས་ངོས་འཛིན་བྱེད་པའི་དོན་ཚན་ནང་དུ་འཇུག་རྒྱུར་དཀའ་ངལ་དང་བར་ཆད་མང་པོ་ཞིག་ཕྲད་ན་ཡང་། ཁོང་གིས་གནད་ཡོད་མི་སྣ་མང་པོ་ཞིག་ལ་ཡར་ཞུ་མར་གཏུག་མང་པོ་ཞིག་བྱས་པའི་མཐར། བོད་མིའི་སྒྲིག་འཛུགས་དེ་བཙན་བྱོལ་བོད་མི་ཡོངས་ཀྱི་མངོན་འདོད་དང་ཚབ་མཚོན་ཡིན་པར་ངོས་འཛིན་ཡོད་པ་བཟོ་ཐུབ་པ་བྱུང་སྐོར་ཡང་གསུངས་སོང་། 

ཨ་རིའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོའི་ཐོག སྲིད་སྐྱོང་གིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གལ་ཆེན་དེ་ཐོག་མར་གྲོས་ཚོགས་སུ་འདོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམ་པ་དང་། གཏན་ལ་འབེབས་མཁན་གྱི་གྲོས་ཚོགས་འཐུས་མི་རྣམ་པ། དེ་བཞིན་ཁྲིམས་འཆར་དེའི་སྔ་རྗེས་བར་གསུམ་ལ་རོགས་རམ་གནང་མཁན་གྱི་ལས་བྱེད་ཀུན་ལ་ཐུགས་རྗེ་ཞུས་གནང་སོང་བའི་ཐོག “གཙོ་བོ་བོད་མི་སྤྱི་ཡོངས་དང་། ཨ་རིར་ཡོད་པའི་བོད་མིའི་སྤྱི་མཐུན་ཚོགས་པ་ཁག་དང་། སློབ་ཕྲུག་ཚོགས་པ། གཞོན་ནུ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ཚང་མས་སྐུ་ལས་བསྐྱོན་ཡོད་རེད། དེ་ནས་ཚང་མས་ཐུགས་སྨོན་གནང་ཡོད་རེད། དེ་ལ་བརྟེན་ནས་གྲུབ་འབྲས་ཐོན་ཡོད་རེད། ལས་དང་བསོད་ནམས་རང་ལས་བྱུང་ཡོད། ཁོ་རང་ཚོ་ཚང་མར་ཐུགས་རྗེ་གནང་ཞུ་རྒྱུ་ཡིན་”ལས་དོན་དེའི་ཐོག་ལ་དངོས་ཤུགས་བརྒྱུད་གསུམ་ལ་རོགས་སྐྱོར་བྱེད་མཁན་གྱི་བོད་མི་ཡོངས་ལའང་བཀའ་དྲིན་ཆེ་ཞུས་གནང་སོང་། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།