བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ཏུ་བོད་གོས་གོན་དགོས་པའི་ཞེན་སྐུལ་གྲོས་ཆོད།

སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ནང་དུ་ལས་བྱེད་ཚོས་བོད་གོས་གོན་དགོས་པ་དང་བོད་སྐད་བཤད་དགོས་པའི་འབོད་སྐུལ་གྲོས་ཆོད་ཅིག་བཞག་སོང་།

དེ་ཡང་ཕྱི་ཟླ་༣ ཚེས་༡༥ རེས་གཟའ་ཟླ་བའི་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དྷ་ས་གངས་སྐྱིད་གྲོས་ཚོགས་ཚོགས་ཁང་དུ་དབུ་འཛུགས་གནང་བ་དང་། ཚོགས་དུས་ཉིན་༥ པའི་ཐོག་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་གྱིས་བོད་ཀྱི་ཆས་གོས་རྒྱུན་འཛིན་ཡོང་ཆེད་ལས་ཁུངས་སུ་བོད་གོས་གོན་དགོས་པའི་གྲོས་ཆོད་བཏོན་པར་སྤྱི་འཐུས་ཐུབ་བསྟན་རྒྱལ་མཚན་གྱིས་རྒྱབ་སྐྱོར་བྱས་ཡོད་པ་རེད། གྲོས་ཚོགས་ནང་དེའི་ཐོག་བགྲོ་གླེང་དང་སྣོན་འཕྲི་སྤོར་གཅོག་བྱས་རྗེས། “ད་ཕན་རང་རེས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་གཙོས་དབུས་ས་ཡན་ལག་དང་བཅས་པའི་ལས་བྱེད་ཆེ་ཕྲ་སུ་ཡིན་དང་ཕོ་མོ་ཁྱད་མེད་ཀྱིས་ཉིན་ལྟར་ལས་ཁུངས་ནང་དུ་བོད་ཆས་གོན་དགོས་རྒྱུ། དེ་བཞིན་བོད་སྐད་གཙང་མ་བཤད་དགོས་རྒྱུ། ལས་ཁུངས་སུ་བཅར་མཁན་བོད་མི་སྐྱ་སེར་སུ་རུང་ལ་ཞེན་སྐུལ་གནང་དགོས་པའི་ཞེན་སྐུལ་གྲོས་ཆོད་དུ་”ཞེས་མང་མོས་ཀྱིས་གཏན་འབེབས་བྱས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།