བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཀྱི་གྲོས་ཚོགས་འགོ་འཛུགས།

ཟླ་འདིའི་ཚེས་༢༡ ཉིན་དྷ་ས་གངས་སྐྱིད་གྲོས་ཚོགས་ཚོགས་ཁང་དུ་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་དེ་འགོ་འཛུགས་བྱས་ཡོད་པ་དང་། ཉིན་བཅུ་རིང་གི་ཚོགས་འདུ་དེ་ནི་གཙོ་བོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་༢༠༢༢ དང་༢༠༢༣ ལོའི་སྔོན་རྩིས་སྐོར་ཡིན་པ་རེད།

ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་དོན། “བོད་ནང་གི་ཛ་དྲག་གནས་སྟངས་ད་ལྟ་ཡིན་ནའང་མུ་མཐུད་གནས་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་སྐད་ཡིག་ཉམས་ཆག་ཧ་ཤུགས་ཆེན་པོ་འགྲོ་ཡི་ཡོད་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུ་ཡིན་ཞེས་ཆོས་ལུགས་ཀྱི་ཐོག་ལ་ཡང་ཧ་ཅང་ཉེན་ཁ་དང་ཛ་དྲག་ཆགས་ཡོད་པར་ངོ་འཛིན་བྱེད་ཀྱི་ཡོད། གཙོ་བོ་ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཆགས་བསྡད་ཡོད་པ་དང་། ༧གོང་ས་མཆོག་གིས་དགུང་ལོ་༡༦ ནས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ནས་ད་ལྟ་བར་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱིས་རེ་བའི་མིག་འབུར་གཏད་ས་དེ་ཁོང་ཉིད་ཆགས་ཡོད་པ་རེད། ཁོང་གི་མཛད་པ་འཕྲིན་ལས་དང་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ང་ཚོའི་བཙལ་བྱོལ་སྒྲིག་འཛུགས་འདི་ཐོག་མ་ནས་མང་གཙོ་ཅན་དུ་བསྒྱུར་བ། ང་ཚོས་ནམ་རྒྱུན་ཡོངས་གྲགས་ལ་༧གོང་ས་མཆོག་གིས་མང་གཙོ་གསོལ་རས་གནང་བ་རེད་ཅེས་ཕྱི་ཟླ་༩ ཚེས་༢ ལ་དུས་དྲན་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད། མང་གཙོའི་ལམ་ལུགས་ནང་ཐད་ཀའི་མང་གཙོ་དང་། སྐུ་ཚབ་ཅན་གྱི་མང་གཙོ། གྲོས་ཚོགས་ལམ་ལུགས་དང་། སྲིད་འཛིན་ལམ་ལུགས་ཟེར་བ་ལྟ་བུ་རྒྱལ་སྤྱིའི་མང་གཙོའི་འཕེལ་རིམ་ནང་ངོས་འཛིན་བྱེད་སྟངས་ཡོད་པ་རེད། ང་ཚོ་སྐྱབས་བཅོལ་བ་ཡིན་པ་དང་། དེ་ཚོ་ཚང་མའི་ནང་ནས་ལེགས་ཆ་བླངས་ཡོད་པ་ཡང་གསལ་པོ་རེད་”ཅེས་མང་གཙོ་ལྟ་གྲུབ་སེམས་ལ་ངེས་དགོས་སྐོར་དང་། ང་ཚོའི་མང་གཙོའི་གཞི་འཛིན་ས་དེ་བཅའ་ཁྲིམས་ཡིན་སྐོར། བཅའ་ཁྲིམས་ཀྱིས་བསྐུར་བའི་ང་ཚོའི་འགན་གཙོ་བོ་བོད་དོན་བདེན་མཐའ་གསལ་ཐབས། བཙན་བྱོལ་སྤྱི་ཚོགས་བདེ་ཐབས། བོད་ནང་གི་བོད་མི་ཚོ་དཀའ་ངལ་ལས་སྐྱོབ་ཐབས་དགོས་པ་སོགས་ཡིན་སྐོར་གསུངས་སོང་།

ཉིན་དང་པོའི་གྲོས་ཚོགས་ནང་བོད་ཀྱི་འཁོར་ཡུག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་འཆར་ཞིག་ཡོད་པ་དེའི་ཐོག་བགྲོ་གླེང་གནང་གི་ཡོད་པ་དང་། གྲོས་ཆོད་དོན་ཚན་ལྔ་གཏན་འབེབས་བྱེད་འཆར་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།