བོད་མིའི་སྒྲིག་འཛུགས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
ཟླ་འདིའི་ཚེས་༡༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
སྐབས་དེ་༧གོང་ས་མཆོག་གིས་དེ་རིང་གཞན་པ་ཞུ་རྒྱུ་གལ་མེད། བོད་ཀྱི་གཟུགས་ཅན་མི་ལྟ་ཅི་སྨོས། གཟུགས་མེད་ཚོས་ངོས་ལ་འདིར་བརྟན་བཞུགས་འབུལ་པ་དང་། བརྟན་བཞུགས་འབུལ་རྒྱུ་དེ་ཡང་ང་རང་ཚོ་བོད་ཀྱི་གནས་སྟངས་དཀའ་ངལ་མང་པོ་ཞིག་བརྒྱུད་བའི་དུས་ཚོད་རིང་ལ། ངོས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་མེད་པ་བཟུང་སྟེ། རྒྱ་ཧོར་བོད་གསུམ་ལ་བསྐྱར་དུ་ཡག་པོ་ཞིག་དར་ཐུབ་རྒྱུ་དང་། སྔ་བོད་ཀྱི་རིག་གཞུང་དང་འབྲེལ་བ་མེད་པའི་ནུབ་ཕྱོགས་ཀྱི་ཡུལ་ལུང་ཁག་ཏུ་ཡང་དོ་སྣང་གསར་པ་བསླེབས་ཞིང་། གལ་ཆེ་བ་ཞིག་ལ་སེམས་ཁམས་རིག་པ་དང་འབྲེལ་བའི་ཚན་རིག་པའི་ནང་ལ་ཡང་དོ་སྣང་གསར་པ་ཞིག་ཡོང་གི་ཡོད་རེད། དེ་དག་གི་ཐོག་ལ་ངོས་ཀྱི་བསྟན་པའི་ཞབས་འདེགས་ཕྲན་བུ་ཞིག་བསྒྲུབས་ཡོད་རེད། ད་དུང་ཡང་ལོ་བཅུ་ཕྲག་ཁ་ཤས་ཤིག་བསྡད་ནས་ངོས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་གི་ཞབས་འདེགས་གང་ལ་གང་འཚམ་ཞིག་ཞུ་ཐུབ་ཀྱི་རེད། བྱས་ཙང་དེ་རིང་འདིར་བོད་རྒྱ་ཆེ་མི་མང་གི་ཚབ་བྱེད་མཁན་གྱི་མི་མང་ཚོ་རེད། དེ་བཞིན་གནས་ཆུང་ཆོས་སྐྱོང་དང་མཁའ་འགྲོ་ཚོས་མཚོན་པའི་གཟུགས་མེད་ཀྱི་ལྷ་ཚོས་རེ་འདུན་ཆེན་མོ་བྱེད་བཞིན་ཡོད་རེད། དེ་འདྲ་ཡིན་དུས་ངོས་ཀྱི་གཟུགས་པོ་བདེ་ཐག་ཆོད་ཡོད། ད་དུང་མུ་མཐུད་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་སུ་བོད་གངས་ཅན་ལྗོངས་ཀྱི་ཆོས་དང་རིག་གཞུང་། ཧི་མ་ལ་ཡའི་རི་རྒྱུད་ས་ཁུལ་གྱི་མི་མང་ཚོས་ངོས་ལ་ཆོས་དང་རིག་གཞུང་གི་ཐོག་ནས་དད་པ་རྩེ་གཅིག་ཡོད་རེད། དེ་དག་གི་རེ་འདུན་སྐོང་ཐུབ་རྒྱུ་དང་། གང་ལྟར་སྐྱེས་པའི་དགོས་དོན་ནི་གཞན་ལ་ཕན་པ་སྒྲུབ་རྒྱུ་རེད། ད་ལྟའི་ངའི་ལུས་རྟེན་འདིའི་ཐོག་ནས་མི་ལ་ཕན་པ་ཏན་ཏན་བསྒྲུབ་ཐུབ་ཀྱི་འདུག ཕན་པ་བསྒྲུབ་ཐུབ་མཁན་གྱི་ལུས་རྟེན་འདི་རིང་པོ་འཚོ་ཐུབ་རྒྱུ་ལ་ངོས་ཀྱིས་སྨོན་ལམ་རྒྱག་གི་ཡིན། འཕེན་པ་གཏོང་གི་ཡིན། ཁྱེད་རང་ཚོས་ཐུགས་སྨོན་གནང་ནས་དེ་རིང་འདིར་བརྟན་བཞུགས་འབུལ་པ་རེད། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་བསྩལ་སོང་།
གསར་འགོད་པ། བློ་བཟང་རྒྱ་མཚོ།