བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཨོ་གླིང་དུ་ཕྱོགས་ཕེབས་གནང་བཞིན་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ནེའུ་ཛི་ལེན་ཌི་ནས་གཞུང་འབྲེལ་མཛད་འཆར་ཁག་གྲུབ་སྟེ་ཨོ་གླིང་དུ་ཕེབས་ཡོད་འདུག
ཟླ་འདིའི་ཚེས་༡༧ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ཨོ་གླིང་དུ་ཕེབས་སྐབས་སིཌ་ནི་བོད་རིགས་ཚོགས་པའི་རྒྱུན་ལས་གཙོས་པའི་བོད་མི་ཚོས་ཕེབས་བསུ་ཞུས་ཡོད་འདུག་པ་དང་། དང་ཐོག་ (Mackellar Girls Campus) ནང་བོད་ཀྱི་སྐད་ཡིག་གཟའ་མཇུག་སློབ་གྲྭར་འཚམས་གཟིགས་དང་འབྲེལ་དེ་གའི་སློབ་དགེ་དང་། དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་མི་རྣམས་དང་ཐུག་འཕྲད་གནང་བ་དང་། དེ་བཞིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནི་རུ་ (New South Wales) མངའ་སྡེའི་ས་གནས་ཁག་ཅིག་ནང་གི་གནས་སྡོད་བོད་མི་རྣམས་ཐུག་འཕྲད་ཀྱིས་བཀའ་སློབ་གསུང་བཤད་གནང་ཡོད་འདུག་ལ།

ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ (Dr. Sophie Scamps) ཡིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་ཨོ་སི་ཊོ་ལི་ཡའི་རྒྱལ་ཁབ་ནང་འཚམས་གཟིགས་སུ་ཕེབས་པར་ཆེ་བསྟོད་ཀྱི་གསོལ་སྟོན་གོ་སྒྲིག་གནང་ཡོད་འདུག གཞན་ཡང་༡༨ ཉིན་སིཌ་ནི་འཕྲུལ་རིག་གཙུག་ལག་སློབ་གཉེར་ཁང་དུ་ “བོད་རྒྱའི་དཀའ་རྙོག་སེལ་རྒྱུ་ནི་འཛམ་གླིང་ཞི་བདེར་གལ་ཆེན་པོ་ཆགས་ཡོད།” ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག ཚེས་ ༡༩ ཉིན་ཨོ་སི་ཊོ་ལི་ཡའི་ (New South Wales) མངའ་སྡེའི་གྲོས་ཚོགས་སུ་བཙན་བྱོལ་ནང་གི་མང་གཙོ་དང་འབྲེལ་བའི་བརྗོད་གཞིའི་ཐོག་གསུང་བཤད་དང་། ཨོ་སི་ཊོ་ལི་ཡའི་ཉིན་རེའི་གསར་ཤོག་གི་གསར་འགོད་པར་བཅར་འདྲིར་ལན་འདེབས་སོགས་གནང་ཡོད་འདུག དེ་རྗེས་སུ་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེན་བྷེ་ར་ལ་ཕེབས་ཐོན་གནང་འདུག་པ་བཅས།
གསར་འགོད་པ་བསྟན་འཛིན་ལམ་བཟང་།