བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོངས་འགྱུར་བ་བཏང་ནས་རང་བཙན་གཙང་མའི་ཐོག་ལ་ཤར་བསྐྱོད་བྱེད་པའི་དུས་ལ་བབ་འདུག

ཟླ་འདིའི་ཚེས་༡༩ རེས་གཟའ་མིག་དམར་ཉིན་ནས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་དང་པོ་དང་གཉིས་པའི་བོད་ནང་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གྱི་ལས་རིམ་ཐོག་སྤྱི་འཐུས་ཁག་ཅིག་དང་སྲིད་སྐྱོང་བཅས་ཀྱིས་དགོངས་འཆར་འདི་ལྟར་གནང་སོང་།

སྐབས་དེར་བགྲོ་གླེང་ཆ་ཤས་ལེན་མཁན་ནང་སྤྱི་འཐུས་དགེ་བཤེས་གངས་རི་ཡིས་ང་ཚོའི་འགན་ཆེ་ཤོས་ཤིག་ནི་གཞིས་ལུས་རྒྱ་ཆེ་མི་མང་གི་སྙིང་སྟོབས་དང་སེམས་ཤུགས་ཆགས་མི་འཇུག་རྒྱུ་དེ་རེད། ཐོག་མར་ཕར་དགྲ་ལ་ཁ་གཏད་གཅོག་པར་ནང་འཆམ་པོ་དང་ནང་གི་བློ་ཁོག་དང་སེམས་ཤུགས་མི་ཉམས་པ་དང་ཉམས་པ་སླར་གསོ་གནང་རྒྱུ་གལ་ཆེན་པོ་ཞེ་དྲགས་རེད་འདུག་བསམ་གྱི་ཡོད། ཟླ་གཅིག་གཉིས་ཀྱི་ནང་དུ་གཞིས་ལུས་རྒྱ་ཆེ་མི་མང་ནང་མཉམ་ཞུགས་བྱས་པ་ཡིན། གཞིས་ལུས་རྒྱ་ཆེ་མི་མང་གི་རེ་བ་ཡོད་ན་མེད་ན་དེ་༧རྒྱལ་བ་རིན་པོ་ཆེའི་དགོངས་པ་རེད། ༧རྒྱལ་བ་རིན་པོ་ཆེས་དུས་དང་རྣམ་པ་ཀུན་ཏུ་ངས་རེ་བ་དང་ཡིད་ཆེས་བྱེད་ས་ལམ་དབུ་མ་ཡིན་པ་དང་དབུ་མའི་ལམ་གྱི་ཐོག་ནས་རེ་བ་འགྲུབ་ཀྱི་རེད་ཅེས་བཀའ་སློབ་གནང་གི་ཡོད། འོན་ཀྱང་། བློ་ཕམ་པ་ཞིག་ལ་ཉེ་ལམ་རྒྱལ་ས་ལྡི་ལི་རུ་རང་བཙན་ལྷན་ཚོགས་ཟེར་བ་ཞིག་གི་སྟེང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྐུ་ཚབ་བཏང་སོང་། དཔེ་མི་སྲིད་པའི་བློ་ཕམ་བྱུང་། ངས་དེ་ག་ཙམ་ཞུ་ཡི་མེད། ལྷན་ཚོགས་དེ་འདྲ་ཞིག་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཀྱང་ངོས་ལེན་བྱེད་ཀྱི་མེད། གཞུང་འབྲེལ་གྱི་སྲིད་ཇུས་དང་འགལ་བ་ཞིག་ལ་ང་ཚོའི་སྐུ་ཚབ་བཏང་དོན་ག་རེ་ཡིན་ནམ། དེ་ཚོགས་གཙོ་གཞོན་གཉིས་ཀྱིས་འགན་མ་འཁུར་བ་རེད་བསམ་གྱི་ཡོད། དེ་འདྲའི་རིགས་ཚོགས་གཙོ་གཞོན་གཉིས་ཀྱིས་ལྟ་དགོས་པ་དང་། མགྲོན་ཤོག་ཡོང་ཡོང་དང་ཁ་ལག་སྤྲད་སྤྲད་ཚང་མར་འགྲོ་རྒྱུ་མེད། འགྲོ་ས་གང་ཡིན་པ་དང་མིན་པ་དེ་ཤེས་དགོས་ཀྱི་ཡོད། ང་ཚོའི་བཙན་བྱོལ་སྒྲིག་འཛུགས་འདིའམ་གྲོས་ཚོགས་རྭ་བ་འདིའི་ནང་གཏན་ལ་འབེབས་པའི་སྲིད་ཇུས་ལམ་དབུ་མའི་དགོངས་དོན་དང་མ་མཐུན་པ་ཞིག་ཡིན་ན་གཞུང་འབྲེལ་ཐོག་ནས་འགྲོ་རྒྱུ་ཡོད་དམ། ལྷག་པར་དུ་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་གཞུང་འབྲེལ་གྱིས་ཕྱིན་པར་ངོ་རྒོལ་ཡོད་ཅེས་དང་། རང་བཙན་ཁ་ལ་འཁྱེར་མཁན་གྱི་མང་ཚོགས་ཀྱི་ནང་དུ། རྒྱལ་བ་རིན་པོ་ཆེ་ལ་རྒྱལ་འཚོང་བ་རེད་ཟེར་མཁན་དང་བོད་གཞུང་བསྡུ་གསོག་རྒྱག་དགོས་ཟེར་མཁན་ཚང་མ་འདིའི་ནང་ནས་བསླེབས་ཀྱི་ཡོད་རེད། རྒྱལ་བ་རིན་པོ་ཆེ་ཁ་གཏད་མ་ཆོག་པ་རེད་མ་གཏོགས་མ་བཅགས་པ་མ་རེད། སྒྲིག་འཛུགས་འདི་གཏོར་མ་ཐུབ་པ་རེད་མ་གཏོགས་མ་གཏོར་པ་མ་རེད་ཅེས་གསུངས་སོང་།

སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས། ང་ཚོའི་གནས་སྟངས་དེ་ག་རེ་ཆགས་ཡོད་རེད་ཟེར་ན། ལམ་དབུ་མར་འགྲོ་རྒྱུ་ཡིན་ཟེར་ནས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ལ་བསྡད་ཀྱི་ཡིན་ཟེར་ནས་ལོ་མང་པོ་ཕྱིན་པ་རེད། རྒྱ་གཞུང་གིས་རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ལ་ཚད་འཛིན་བྱེད་རྒྱུ་དང་ང་ཚོའི་དུས་ཚོད་བསྐྱལ་རྒྱུ། ང་ཚོ་ལ་འགོ་སྐོར་རྐྱང་རྐྱང་བཏང་ནས་ད་ལྟ་བར་དུ་ཕྱིན་པ་རེད། ད་ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་འགྱུར་བ་བཏང་ནས་རང་བཙན་གཙང་མའི་ཐོག་ལ་ཤར་བསྐྱོད་བྱེད་པའི་དུས་ལ་བབ་འདུག་ཅེས་དང་། རང་བཙན་འཐབ་རྩོད་བྱེད་མཁན་མང་པོ་ཞིག་བོད་ཕྱི་ནང་གང་སར་ཡོད་རེད། ད་རེིང་གོང་དུ་བཤད་མཁན་ཁ་ཤས་ཀྱིས་བོད་ནང་རང་བཙན་དགོས་ཀྱི་མེད་རེད་མདོག་མདོག་གསུངས་སོང་། དེ་འདྲ་གསུངས་ན་ལས་རྒྱུ་འབྲས་རྩ་བ་ཉིད་ནས་འགྲོ་གི་མ་རེད། བོད་ནང་བོད་མི་ཚོས་ད་བར་འཐབ་རྩོད་ག་ཚོད་བྱས་ཡོད་རེད། ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ལ་བསྡད་ནས་འགྲིགས་ཀྱི་ཡོད་ན། ཁོང་ཚོས་ག་རེ་བྱས་ནས་རང་ལུས་མེར་བསྲེག་གཏོང་དགོས་ཀྱི་ཡོད་རེད། དེའི་འོག་ལ་སྐྱིད་པོ་ཡོད་ན། ཁོང་ཚོས་ག་རེ་བྱས་ནས་རང་སྲོག་བློས་གཏོང་དགོས་ཀྱི་ཡོད་རེད། ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ལ་སྐྱིད་པོ་མེད་ཙང་། དཀའ་ལས་ཡོད་ཙང་། ཨར་མ་བརྟེན་ནས་སོ་སོའི་རང་སྲོག་ཚུན་ཆད་བློས་བཏང་ནས་བོད་ལ་རང་བཙན་དགོས་ཟེར་སྟེ་སྐད་རྒྱག་གི་ཡོད་རེད། དེ་ང་ཚོས་ལོག་འགྲེལ་བྱས་ནས་འདྲ་མི་འདྲ་འགྱུར་བ་བཏང་བ་ཡིན་ན་ལས་རྒྱུ་འབྲས་འགྲོ་གིན་མ་རེད་ཅེས་གསུངས་པ་མ་ཟད། བཙན་བྱོལ་ནང་དུ་ཡང་བོད་རང་བཙན་གྱི་ཆེད་དུ་བློས་གཏོང་བྱེད་མཁན་མང་པོ་ཡོད་པ་དང་། ཁོང་ཉིད་ཀྱང་རྒྱལ་སྤྱིའི་རང་བཙན་ལྷན་ཚོགས་ཐེངས་དྲུག་པ་མ་གཏོགས་ཚང་མར་བཅར་མྱོང་ཞིང་། རྒྱལ་བ་རིན་པོ་ཆེ་ལ་རྒྱལ་འཚོང་པ་རེད་ཟེར་མཁན་མི་གཅིག་མཐོང་མེད་པ་དང་། བཀུར་འོས་སྤྱི་འཐུས་ཀྱི་སྐད་ཆ་དེ་ཚོ་མ་ཉེས་ཁ་གཡོགས་དང་གཞི་མེད་སྐུར་འདེབས་ཆེན་པོ་ཡིན་པས་གྲོས་ཚོགས་ནང་གསལ་བཤད་དགོས་ཡོད་པའི་སྐོར་གསུངས་སོང་།

གཞན་ཡང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་གྱིས་བོད་ནང་ལྔ་བཅུ་ང་དགུ་དང་བརྒྱད་ཅུ་གྱ་གྲངས། དེ་བཞིན་ཉིས་སྟོང་བརྒྱད་སོགས་ལ་ཞི་རྒོལ་དང་སྐུ་ལུས་མེར་བསྲེག་གི་ལས་འགུལ་སྤེལ་ཡོད་པ་དང་། བོད་ནང་ལས་འགུལ་སྤེལ་མཁན་ནང་གཞས་པ་གཞས་མ་དང་། སྙན་ངག་པ་དང་རྩོམ་པ་སོགས་ཡོད་པ་དང་ཁོང་ཚོའི་འབོད་སྒྲའི་ནང་། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་རྒྱུ་དང་ཁོང་ཉིད་བོད་ལ་གདན་འདྲེན་ཞུ་རྒྱུ་ཡོད་པ་མ་ཟད། འབོད་སྒྲ་མང་པོའི་ནང་བོད་རང་བཙན་གཙང་མ་ཡིན་པ་དང་མ་འོངས་པ་བོད་ལ་རང་བཙན་གཙང་མ་དགོས་པའི་འབོད་སྒྲ་ཡོད་པས་ཚང་མས་སོ་སོ་ལ་འདོད་པ་ཡོད་མེད་ལ་མ་ལྟོས་པར་ངོས་ལེན་གནང་དགོས་པ་སོགས་གསུངས་སོང་།

སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེས་འདས་པའི་ཟླ་བ་ཁ་ཤས་ཀྱི་སྔོན་ལ། རྒྱ་གཞུང་གིས་དཀར་མཛེེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ས་ཁུལ་ནང་ཡོད་པའི་དར་རྩེ་མདོ་དང་ལྕགས་ཟམ། ཉག་ཆུ་དང་དཀར་མཛེས། སྡེ་དགེ་སོགས་ས་གནས་ཁག་ལྔ་དྲུག་གི་སློབ་འབྲིང་གི་ནང་། བོད་ཡིག་སློབ་ཚན་ཁྲིད་མི་ཆོག་པ་དང་། རྒྱ་ཡིག་ལམ་ནས་ཁྲིད་དགོས་པའི་བཀོད་ཁྱབ་ཅིག་བཏང་ཡོད་པའི་གནས་ཚུལ་ཞིག་ཐོན་ཡོད་རེད། ཐ་ན་གནས་ཚུལ་དེ་ཚོ་ཕྱི་ལོགས་སུ་བཏང་བ་དང་། དྲ་ལམ་བརྒྱུད་ནས་ཕྱི་ལོགས་སུ་ཁྱབ་སྤེལ་བཏང་བ་ཡིན་ན།  ཉེས་ཆད་ནན་པོ་འཆད་རྒྱུའི་འཇིགས་སྐུལ་གྱི་གནས་ཚུལ་ཞིག་ཐོན་ཡོད་རེད།

སྤྱིར་བཏང་ང་རང་ཚོ་བོད་ནང་ལ་ཡོད་པའི་བོད་པའི་སློབ་ཕྲུག་དེ་ཚོས་བོད་ཀྱི་སྐད་ཡིག་སྦྱོང་རྒྱུ་ལ་སློབ་འབྲིང་དེ་ཧ་ཅང་གལ་ཆེན་པོ་དང་། བོད་ཡིག་གི་ཆུ་ཚད་སྲ་བརྟན་བྱེད་རྒྱུ། བོད་ཡིག་གི་རྨང་གཞི་འཛུགས་པར་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། ཡིན་ན་ཡང་། རྒྱ་གཞུང་གིས་དེ་ཚོ་མེད་པ་བཟོ་ཡི་ཡོད་རེད། དེ་ཡང་ཉིས་སྟོང་ཉེར་བཞི་ལ་ལག་བསྟར་བྱེད་རྒྱུ་ཡིན་པའི་གནས་ཚུལ་ཞིག་ཐོན་ཡོད་རེད། ང་རང་ཚོའི་སྐད་ཡིག་སྲུང་སྐྱོབ་ཐད། ཉེན་ཁ་ཆེན་པོ་ཞིག་དང་བསམ་གྱིས་མི་ཁྱབ་པའི་གྱོང་གུན་ཞིག་རེད་འདུག་བསམ་གྱི་འདུག

སྤྱིར་བཏང་རྒྱ་ནག་གཞུང་གིས་བོད་ནང་ལ་སྐད་ཡིག་རྩ་བརླག་གཏོང་རྒྱུའི་ཆེད་དུ། གཞི་རིམ་དང་འབྲིང་རིམ། མཐོ་རིམ་བཅས་རིམ་པ་ཁག་མང་པོའི་སྒང་ནས་ང་རང་ཚོའི་སྐད་ཡིག་རྩ་བརླག་གཏོང་རྒྱུའི་ཐད་ལས་ཀ་བྱེད་ཀྱི་ཡོད་རེད། རྒྱ་གཞུང་གིས་བོད་ནང་བོད་ཡིག་སློབ་ཚན་དེ་ཚོ་སློབ་ཁྲིད་བྱེད་མ་བཅུག་པ་དངོས་སུ་ལག་བསྟར་བྱས་ན། དེ་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཞུ་རྒྱུ་ཡིན། གཉིས་པ་དེ་ང་རང་ཚོའི་ནང་ལོགས་ལ་རེད། བོད་ནང་ཡིན་ན། ང་རང་ཚོའི་སྐད་ཡིག་དེ་རྒྱ་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གིས་རྩ་མེད་གཏོང་རྒྱུའི་ལས་ཀ་བྱེད་ཀྱི་ཡོད་རེད། དེ་ནང་བཞིན་ང་རང་ཚོ་འདིར་ཡིན་ཡང་། རྒྱལ་སྤྱིའི་བསམ་བློ་མ་ལོན་པའི་ཐོག བོད་ཡིག་གལ་ཆེན་པོ་མ་བརྩིས་པ་ཡིན་ན། མདོར་བསྡུས་ན་བོད་ཕྱི་ནང་གཉིས་ཀར་ཛ་དྲག་གི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད། དེར་བརྟེན། ང་ཚོ་ཚང་མས་དེའི་སྒང་ལ་ཐུགས་བསམ་བཞེས་དགོས་རྒྱུ་ཆགས་བསྡད་ཡོད་རེད། མཛུབ་མོ་ལྔ་པོ་དེ་སོ་སོའི་བྲང་ལ་སྦྱར་ནས་དེའི་སྒང་ལ་ངེས་པར་དུ་སོ་སོས་ཚ་འདྲི་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་འདུག་ཅེས་གསུངས་སོང་།

སྤྱི་འཐུས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་གྱིས། བོད་ནང་དུ་རང་དབང་མེད་པར་བརྟེན། རྒྱ་གཞུང་གིས་ང་ཚོའི་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་གི་ཡོད་པ་དང་། བོད་ནང་སྐད་ཡིག་དང་ངོ་བོ་ཉམས་ཆགས་འགྲོ་བཞིན་ཡོད་པ་ནི་བདེན་པ་ཡིན་ཡང་། རང་དབང་ལུང་པའི་ནང་ལ་ཡང་བོད་ཀྱི་ངོ་བོ་དང་རིག་གཞུང་རྩ་མེད་གཏོང་བཞིན་འདུག བོད་ཅེས་པའི་ཐ་སྙད་དེ་བོད་ཀྱི་རྩོད་མེད་ཡོངས་གྲགས་ཀྱི་འབོད་སྒྲ་དང་ངོ་བོ་ཡིན་པས་བོད་ཅེས་པའི་མིང་ནག་བསུབ་གཏོང་མཁན་དང་དེ་ལ་རྒྱབ་སྐྱོབ་བྱེད་མཁན་ཚོ་ལ་ངོ་རྒོལ་ཡོད་པ་མ་ཟད། མ་འོངས་པ་ཐེར་འདོན་བྱེད་དགོས་བྱུང་ན་ཡང་བྱ་རྒྱུ་ཡིན་ཞེས་གསུངས་སོང་།

སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས། བོད་ཀྱི་སྐད་ཡིག་ཐོག་ནས་བཤད་ན། ཀུན་སློང་ལ་དོགས་པ་མེད་ཀྱང་ལག་ལེན་གྱི་ཐོག་ནས་རྒྱ་ནག་གུང་ཁྲན་ཏང་ལས་ང་ཚོ་སྡུག་པ་ཆགས་ཡོད་པ་དང་། བོད་ཀྱི་སྐད་ཡིག་གི་སྲོག་རྩ་དེ་བོད་ནང་ཡོད་པའི་བོད་མི་ཚོས་རྒྱ་ནག་གི་མེ་མདའི་སོ་ཁ་ལ་བསྡད་ནས་སྲུང་བཞིན་ཡོད་པ་དང་། བོད་མི་རྩ་མེད་བཟོ་ཟེར་དུས་རྒྱ་གཞུང་གིས་ཉིན་གཅིག་ལ་བོད་མི་ཚོ་སྡེབས་གསོད་གཏོང་གི་རེད་བསམ་གྱི་མེད་པ་དང་། བོད་མི་ས་ཡ་དྲུག་གི་སེམས་ཁམས་དང་ཀླད་པའི་ནང་། བོད་ཀྱི་ཆོས་དང་རིག་གཞུང་མེད་པ་བཟོས་ཚར་བའི་ཉིན་ནས་བོད་པ་རྩ་མེད་འགྲོ་ཚར་བ་རེད་ཅེས་གསུངས་སོང་།

སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་གྱིས། རྒྱ་ནག་གཞུང་གིས་བོད་ནང་གི་བྱིས་པ་རྣམས་གཏན་འཇགས་སློབ་གྲྭ་བཏང་ནས་རྒྱ་སྒྱུར་སློབ་གསོ་སྤེལ་མུས་ཡོད་པར་བརྟེན། རྒྱལ་སྤྱིའི་ཐོག་དེའི་སྐོར་ལ་དོ་སྣང་བྱེད་བཞིན་ཡོད་པའི་རྐྱེན་གྱིས། རྒྱ་གཞུང་གིས་གཏན་འཇགས་སློབ་གྲྭའི་སྐོར་ལ་འགྲེལ་བརྗོད་ལོག་པར་རྒྱག་པའི་ཐབས་ཤེས་བྱེད་བཞིན་པའི་ཐོག མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་མཐུན་ཕྱོགས་རྒྱལ་ཁབ་ཀྱི་སྐུ་ཚབ་དང་། རྒྱལ་སྤྱིའི་གསར་འགོད་པ། ཉམས་ཞིབ་པ་ཁག་ཅིག་བོད་ནང་དུ་ལྟ་སྐོར་དུ་ཁྲིད་ཡོད་འདུག དེ་བཞིན་ཉེ་ཆར་རྒྱ་གཞུང་གི་གོ་སྒྲིག་བྱས་པའི་པེ་ཅིན་གྱི་བོད་རིག་པའི་ཚོགས་འདུའི་སྟེང་དུ། རྒྱལ་སྤྱིའི་མི་སྣ་བེད་སྤྱོད་བྱས་ཏེ་བོད་ནང་གི་གཏན་འཇགས་སློབ་གྲྭ་འགྲེལ་བརྗོད་ལོག་པ་བྱས་ཡོད་པས་ང་ཚོའི་ངོས་ནས་བརྡ་ལན་ཡག་པོ་སྤྲད་དགོས་ཀྱི་འདུག་ཅེས་གསུངས་སོང་།
སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་གྱིས་བོད་རྒྱལ་ཁབ་ཀྱི་འཐབ་རྩོད་ཞུས་པའི་སྐབས་སུ་བསམ་མནོ་དང་ཚོར་བའི་ཐོག་ནས་བོད་ཕྱི་ནང་གི་བོད་མི་ཚང་མ་གཅིག་གྱུར་ཡིན་པ་སོ་སོས་ངོས་འཛིན་བྱེད་ཀྱི་ཡོད།

མཁས་དབང་དམ་པ་གཡང་དགའ་ལགས་ཀྱིས་ཤ་ཁྲག་གཅིག་པུར་མ་རེད། རིག་གཞུང་གིས་མི་རིགས་བཟོ་གི་རེད་ཅེས་གསུངས་ཡོད་རེད། ལོ་རྒྱུས་རང་བཞིན་ཅན་གྱི་བོད་རྒྱལ་ཁབ་ཀྱི་སྐད་ཡིག རིག་གཞུང་། ང་རང་ཚོས་བདག་གཅེས་ཙམ་མ་ཡིན་པར་བདག་དབང་དེ་སོ་སོའི་ཡིན་པ་ང་རང་ཚོས་ཤེས་ཐུབ་ཡ་དང་། དེ་བཞིན་མར་བཤད་ཐུབ་ཡ་དེ་གལ་ཆེན་པོ་ངོས་འཛིན་བྱེད་ཀྱི་ཡོད། དེ་གནང་མ་ཐུབ་པ་ཡིན་ན་འབྱུང་འགྱུར་ང་རང་ཚོའི་བདག་དབང་གི་ལོ་རྒྱུས་དྲན་ཤེས་བརླག་ཡ་ཉེན་ཁ་ཆེན་པོ་མཐོང་གི་འདུག ཅེས་དང་།

རྒྱལ་ཁབ་གཅིག་གི་ཐོག་ནས་རྒྱལ་ཁབ་དེ་ལ་ཚོར་བ་དང་འདུ་ཤེས་བསྐྲུན་ཡ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། ལོ་གཅིག་གི་གོང་གྲོས་ཚོགས་རྭ་བ་འདིའི་ནང་ཞུས་ཡོད། སློབ་གྲྭའི་དཔེ་དེབ་ནང་ལོགས་སུ་ས་ཉིས་སྟོང་བརྒྱད་ལོའི་ས་བྱི་རྒོལ་ཆེན་མོའི་ལས་འགུལ་དེ་དང་། དེ་བཞིན་འདས་པའི་ང་རང་ཚོས་རྒྱ་ནག་ལ་གདོང་ལེན་བྱས་པའི་སྐབས་སུ་དམག་གི་འཐབ་རྩོད། ཆབ་སྲིད་བཙོན་ཟུར་གྱི་ལོ་རྒྱུས་ཆ་ནས་ཁ་གསབ་བྱེད་ཡ་གལ་ཆེན་པོ་རེད་བཞག དེ་འདྲ་ཞིག་གནང་ཐུབ་ན་ང་ཚོའི་བོད་པའི་འཐབ་རྩོད་ཀྱི་ལོ་རྒྱུས་དེ་ང་རང་ཚོས་རྒྱུན་འཛིན་དང་བདག་གཅེས། དེ་བཞིན་མ་འོངས་ཡོང་འགྱུར་གྱི་བོད་རིགས་ཀྱི་སོན་རྩ་དེ་ལ་ང་རང་ཚོའི་རྒྱལ་ཁབ་ཀྱི་ཚོར་བ་དང་འདུ་ཤེས་བསྐྲུན་ཡ་ཏན་ཏན་ཐུགས་ཕན་སོས་ཀྱི་རེད་བསམ་གྱི་འདུག སོ་སོས་ནམ་རྒྱུན་རོགས་པ་ཚོ་ལ་ཞུ་ཡ་དང་བསམ་མནོ་གང་འདྲ་ཞིག་འཁྱེར་གྱི་ཡོད་ཟེར་ན། ཇི་སྲིད་མི་རིགས་ཀྱི་འདུ་ཤེས་གནས་ཚེ། དེ་སྲིད་ང་རང་ཚོ་བོད་རྒྱལ་ཁབ་ཀྱི་འཐབ་རྩོད་གནས་ཀྱི་རེད། དེ་སོ་སོའི་བསམ་མནོ་གཏོང་སྟངས་ཡིན། བོད་ནང་ལོགས་བཞུགས་མཁན་གྱི་དགོས་མཁོ་ད་ག་རང་རེད་ལ། མངོན་འདོད་ཀྱང་ད་ག་རང་རེད། རྒྱ་གར་རང་བཙན་འཐབ་རྩོད་པ་དམ་པ་བྷ་ཀལ་སིང་གིས་ག་རེ་གསུངས་ཡོད་རེད་ཞུས་ན། ད་ལྟ་སོ་སོའི་གཟུགས་པོའི་ནང་ལོགས་སུ་རྒྱུ་སྡོད་པའི་ཁྲག་དེ་ཚ་བོ་ཆགས་མེད་ན། དེ་ཁྲག་མ་རེད་ཆུ་རེད། སོ་སོའི་རྒྱལ་ཁབ་ལ་བསྒྲུབ་པའི་ལས་འགན་དེ་གཅིག་སྒྲུབ་མ་ཐུབ་པ་ཡིན་ན་དེ་བེད་མེད་ལང་ཚོའི་གཞོན་ནུ་ཟེར་གསུངས་ཡོད་རེད་ཅེས་གསུངས་སོང་།དེ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་རྒྱལ་སྤྱིའི་གནས་བབ་དང་རྒྱ་ནག་གི་འགྱུར་འགྲོས་སོགས་ཀྱི་སྐོར་གསུངས་དོན།

འདས་པའི་ལོ་གཉིས་ཙམ་གྱི་རིང་། ཡུ་རོབ་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོའི་རྒྱ་ནག་ཐོག་ལ་ལྟ་སྟངས་འགྱུར་བ་འགྲོ་བཞིན་ཡོད་པ་དང་ཡུ་རོབ་ཀྱིས་དུས་ཐུང་ནང་ཨུ་རུ་སུ་དེ་ཉེན་ཁ་ཞིག་ལ་མཐོང་གི་ཡོད་ཀྱང་ཕུགས་ལ་ཁ་གཏད་དང་གདོང་ལེན་བྱ་ས་དེ་རྒྱ་ནག་མཐོང་གི་ཡོད་པར་བརྟེན། ད་ལྟའི་ཆར་རྒྱ་ནག་གི་གནས་བབ་དེ་སྟོབས་ཆེ་རུ་མི་འགྲོ་བའི་ཐབས་ཤེས་གཏོང་གི་ཡོད་རབས་དང་། ད་ལྟའི་ཆར་རྒྱ་ནག་ནང་ཚོང་དང་དཔལ་འབྱོར་གྱི་དཀའ་ངལ་དང་གཞོན་སྐྱེས་ལས་མེད་མང་བའི་དཀའ་ངལ། རྒྱ་ནག་གི་འགོ་ཁྲིད་ནང་ལོག་ལ་འཕོ་འགྱུར་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་ཅེས་དང་།

རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཐོག་ནས་རྒྱལ་སྤྱི་ཚོགས་དང་རྒྱ་ནག་གི་འབྲེལ་བ་བར་ལ་འགྱུར་བ་ཤུགས་ཆེན་པོ་ད་ལྟ་འགྲོ་སྡོད་ཀྱི་ཡོད་པ། ཁ་སང་ཁ་ཉིན་རང་གི་གནས་ཚུལ་ལ་བལྟས་པ་ཡིན་ན་དེའི་སྔོན་ལ་ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་སྲིད་དབང་སྒེར་འཛིན་པ་ཟེར་ནས་མིང་བཏགས་ཡོད་རེད། ཉིན་གཅིག་གཉིས་ཀྱི་སྔོན་ལ་འཇར་མི་ནིའི་ཕྱི་སྲིད་བློན་ཆེན་གྱི་ངོས་ནས་ཡིན་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་མིང་འདོགས་དེ་འདྲ་བྱེད་ཡ་གི་དུས་ཚོད་གཅིག་ལ་སླེབས་བསྡད་ཡོད་རེད། དེ་སྔ་ང་ཚོའི་བསམ་ཡུལ་ལས་འདས་པ་རེད། རྒྱ་གར་ནང་ལོགས་ལ་ཡིན་ཡང་རྣམ་པ་ཚོས་ཐུགས་དྲན་སོས་མདོག་ཁ་བོ་རེད། ང་ཚོ་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་མཁན་གྱི་བློན་ཆེན་ཟུར་པ་ཇོར་ཇི་ཕྷི་ལན་ཌ་སི་ཡིས་སྐབས་གཅིག་ལ་ཡར། རྒྱ་ནག་དེ་ང་ཚོའི་ཁ་གཏད་ཨང་ཀི་དང་པོ་དེ་ཡིན་ཟེར་དུས། རྒྱ་གར་ནང་ལོགས་ལས་ཁ་གཏད་གཅོག་མཁན་མང་པོ་བྱུང་བ་རེད། དེང་སང་ཡིན་ཡང་རྒྱ་གར་ནང་ལོགས་ཁ་གཅིག་གྲགས་འདྲ་བོ་དང་། རྒྱ་གར་གྱི་ལངས་ཕྱོགས་ཡིན་ཡང་།རྒྱ་ནག་གི་བཤད་ཚད་ལ་ཉན་མི་དགོས་པ། སོ་སོའི་ལངས་ཕྱོགས་དེའི་སྒང་ལ་བརྟན་པོ་བྱས་ནས་གནས་ཐུབ་པ་ཙམ་དུ་མ་ཡིན་པར། དེ་ལ་བཤད་ཕོད་པ་མགོ་སྒུར་མི་དགོས་པའི་ལངས་ཕྱོགས་དེ་འདྲ་ཟིན་པའི་གནས་སྟངས་དེ། རྒྱ་གར་གྱི་ཕྱོགས་ནས་ཡིན་ཡང་ལྟ་སྟངས་འགྱུར་བ་ཤུགས་ཆེན་པོ་ཞིག་མཐོང་གི་ཡོད། ཉེ་ཆར་རྒྱ་ནག་གིས་ས་ཁྲ་བཏོན་པ་དེའི་ཐོག་ནས་རྒྱལ་ཁབ་བདུན་གྱིས་ཉི་མ་ཁ་ཤས་ཀྱི་ནང་ལོགས་ལ་ངོ་རྒོལ་བྱས་པ་རེད། ར་ཤི་ཡས་ཀྱང་རྒྱ་ནག་གིས་ས་ཁྲ་བརྒྱད་ཙམ་བཏོན་པ་དེ་ལ་ངོ་རྒོལ་བྱས་ཤིང་། རྒྱ་ནག་གི་སྲིད་ཇུས་འཛིན་སྟངས་འདིར་བརྟེན་ནས་རྒྱ་ནག་དང་འཛམ་བུ་གླིང་བར་དོ་ཕོག་ཤུགས་ཆེན་པོ་འགྲོ་གི་ཡོད་པ་གསལ་པོ་རེད་ཅེས་དང་། ད་ལྟའི་གོ་སྐབས་བཟང་པོ་དེ་དམ་འཛིན་བྱས་པའི་ཐོག་ནས་རྒྱལ་སྤྱིའི་ནང་ལོགས་ལ་སྔོན་མ་སྙོབ་མ་ཐུབ་ས་དེ་ཚོར་ང་ཚོས་སྙོབ་ཐུབ་ཡ་འབད་བརྩོན་བྱེད་ཡ་འདུག་གམ། དེ་འདྲ་བྱས་ནས་འགྲོ་སྡོད་ཀྱི་ཡོད། 

རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་དང་རྒྱ་ནག་ནང་གི་འགྱུར་འགྲོས། བོད་ནང་གི་གནས་སྟངས་གསུམ་ཀར་བལྟས་པའི་ཐོག་ནས། བོད་རྒྱའི་དཀའ་རྙོག་སེལ་ཡ་གནས་སྟངས་ཐོག་ལ་ཡིན་ཡང་གནས་ཚུལ་ག་རེ་མཐོང་པ་ཡིན་ཡང་ཧ་སང་སང་དང་ཧོན་འཐོར་འཐོར། དགའ་ཆོག་ཆོག་དང་སྡུག་ཆོག་ཆོག་གི་གནས་སྟངས་མ་ཡིན་པར་བརྟན་པོ་དང་ལྷིང་པོའི་ཐོག་ནས་བྱེད་དགོས་ཡ། རྒྱ་ནག་གཞུང་གི་དངོས་གནས་དྲང་གནས་ཆོད་སེམས་ཡོད་མེད་ལ་ལྟ་དགོས་ཡ་དང་། ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་ཀྱི་ཐོག་ལ་གོམ་པ་འདི་འདྲ་ཞིག་བརྒྱབས་པ་ཡིན་ན་འགྲོ་ས་རེད་མ་རེད་མང་པོ་ཞིག་ལ་བསམ་བློ་བཏང་བའི་ཐོག་ནས་བྱེད་སྡོད་ཀྱི་ཡོད་ཅེས་དང་། དེ་བཞིན་བོད་ནང་གི་བོད་མི་ཚོར་སེམས་ཤུགས་ཆགས་དགོས་ཡ་རྩ་བ་གཉིས་ནས་མེད་པར་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གི་ངོས་ནས་འགན་ཁུར་བསྡད་ཡོད་གསུངས་སོང་། གཞན་ཡང་སྐད་ཡིག་ཉམས་སོང་ཡོད་མེད་ཀྱི་སྐོར་ལ། ང་རང་ཆུང་ཆུང་ཡིན་པའི་སྐབས་དང་ད་ལྟའི་གནས་བབ་ལ་བསྡུར་བ་ཡིན་ན་ན་ང་ཚོའི་བཙན་བྱོལ་སྤྱི་ཚོགས་གནས་སྟངས་འགྱུར་བ་ཤུགས་ཆེན་པོ་ཕྱིན་ཚར་བ་རེད།ང་ཚོའི་དུས་ཚོད་ལ་དངོས་གནས་དྲང་གནས། བོད་ཡིག་འཛིན་གྲྭ་བཅུ་གཅིག་བཅུ་གཉིས་ཐོན་པ་ཡིན་ན་བོད་ཡིག་ཡི་གེ་ཆ་ཚང་བ་ཞིག་འབྲི་ཐུབ་ཀྱི་མ་རེད་ཟེར་བ་ཡིན་ན་ཕལ་ཆེར་ཡིན་སྲིད་འགྲོ། ང་ཚོ་འདི་བརྒྱུད་ནས་ཡོང་མཁན་གྲས་རེད། ད་ལྟའི་དུས་ཚོད་ལ་བཀའ་ཤག་སྐབས་བཅུ་གཉིས་པ་ནས་བྱས། སློབ་དཔོན་ཟམ་གདོང་རིན་པོ་ཆེས་སྐབས་དེ་དུས་ནས་དབུ་ཁྲིད་ཅིང་ཤེས་ཡོན་སྲིད་ཇུས་གཅིག་གི་འོག་ནས་ད་ལྟ་བོད་མི་གཞོན་སྐྱེས་ཚང་མ་ལ་བོད་ཡིག་ཚད་དང་ལྡན་པ། མཚམས་མཚམས་ཕ་མས་ཕྲུ་གུའི་རྩ་ནས་སྦྱོང་དགོས་པའི་གནས་སྟངས་ཤིག་བཟོས་ཤག་ཡོད་རེད། ད་ལྟའི་དཀའ་ངལ་དེ་སློབ་ཕྲུག་གྲངས་ཀ་ཉུང་དུ་འགྲོ་ཡ་དེ་རེད། སློབ་གྲྭ་ཟླ་སྒྲིལ་བྱས་ན་ང་ཚོས་ནུས་པ་ལྡན་པ་ག་འདྲ་བཟོ་དགོས་འདུག་ཟེར་ཡ་དེ་ཚོའི་སྒང་ལ་རེད་མ་གཏོགས། བཙན་བྱོལ་སྤྱི་ཚོགས་ནང་ལོགས་ལ་ཤེས་ཡོན་སྤྲད་སྟངས་དེ། ད་ཡང་རྒྱ་ནག་གཞུང་དང་བསྡུར་ཡོང་བའི་གནས་སྟངས་འདྲ་ཞིག་གྲོས་ཚོགས་འདིའི་ནང་ལོགས་ལ་ཕལ་ཆེར་རྒྱ་ནག་གཞུང་ཡག་ག་ཡིན་པའི་བཟོ་འདྲ་ཞིག བོད་ནང་ལོགས་ལ་རིག་གཞུང་གཅེས་འཛིན་བྱེད་མཁན་མང་པོ་ཡོད་རེད། དེ་གེ་དེ་སོ་སོས་བློས་བཏང་བྱས་ནས་སོ་སོས་འགན་ཁུར་ཞིང་བྱས་པ་རེད་མ་གཏོགས་གཞུང་གིས་མཐུན་རྐྱེན་སྦྱར་ཞིང་གནས་སྟངས་ཡག་པོ་ཆགས་པ་ཞིག་ཆགས་ཀྱི་ཡོད་མ་རེད་ཅེས་སོགས་གསུངས་སོང་།

གསར་འགོད་པ་བློ་བཟང་རྒྱ་མཚོ།