བོད་མིའི་སྒྲིག་འཛུགས་ཀྱི་མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་མཇུག་བསྒྲིལ་སོང་།
ཟླ་འདིའི་ཚེས་༢༤ ་ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་ཉིན་གྲངས་གསུམ་རིང་གི་མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་མཇུག་བསྒྲིལ་སོང་། ཐེངས་འདིའི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གཙོས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཚོགས་གཙོ་པདྨ་བདེ་ལེགས་དང་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ། ནང་སྲིད་དྲུང་འཕར་བསྟན་འཛིན་ནོར་བུ་དང་བྱམས་པ་ཕུན་ཚོགས་དེ་བཞིན་ཚོགས་བཅར་ཁག་བཅས་ཕེབས་འདུག
སྐབས་དེར་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཟླ་འདིའི་ཚེས་༢༣ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་སྤྱི་མོས་ཐོག་གཏན་འབེབས་གནང་བའི་སྐོར་དང་། དེའི་བྱུང་རིམ། གཞན་ཡང་ད་ལན་གྲོས་ཚོགས་གོང་མས་ཁྲིམས་འཆར་ལ་བསྐྱར་བཅོས་གཉིས་བྱས་ཡོད་པ་དེའང་། གྲོས་ཚོགས་གོང་འོག་གཉིས་ཀྱི་ཁྲིམས་འཆར་གྱི་ཚིག་དོན་གང་ཡིན་གཅིག་མཚུངས་དགོས་པ་ལྟར། གྲོས་ཚོགས་འོག་མས་ཁྲིམས་འཆར་གྱི་ཚིག་དོན་གྲོས་ཚོགས་གོང་མ་བཞིན་བཟོས་རྗེས། སྲིད་འཛིན་གྱི་མདུན་ལྕོག་ཏུ་འབུལ་དགོས་པས་ལོ་འདིའི་ཕྱི་ཟླ་༦ པའི་ནང་འབུལ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་སོགས་གསུངས་པ་དང་།
གཞན་ཡང་མཉམ་འབྲེལ་གྱི་ཚོགས་ཆེན་དང་འབྲེལ། སྐུ་མགྲོན་གཙོ་བོ་སྲིད་སྐྱོང་གིས་༧གོང་ས་མཆོག་གི་དགོངས་གཞི་དང་མི་རབས་རྒན་པས་སྐུ་ལས་བསྐྱོན་པ་རྣམས་རྒྱུན་སྐྱོང་ཐུབ་རྒྱུ། བཙན་བྱོལ་གྱི་སྤྱི་ཚོགས་ཚགས་ཚུད་ཡོང་ཐབས་ཀྱིས་མཉམ་འབྲེལ་ཚོགས་ཆེན་འདི་ཚོགས་པ་རེད་ཅེས་དང་། མཉམ་འབྲེལ་གྱི་ལས་འགན་འཁུར་ཕྱོགས་དག་སྤྱི་མཐུན་མཉམ་འབྲེལ་དང་ནང་སྲིད་ལ་འབྲེལ་བ་འདོགས་དགོས་པར་བརྟེན། ལས་དོན་བྱེད་ཕྱོགས་ཀྱི་སྒྲོམ་གཞི་གསལ་པོ་ཞིག་བཟོ་དགོས་པ། མཉམ་འབྲེལ་གྱི་ངོས་ནས་གཞིས་ཆགས་ཁག་སྲ་བརྟན་ཡོང་སླད་གཞོན་སྐྱེས་རྣམས་གནས་ཐུབ་པའི་ཐོག་ལས་གཞི་སྤེལ་ཐུབ་ན་དཀའ་ངལ་ཁག་ཅིག་སེལ་ཀྱི་ཡོད་པ། དེ་བཞིན་དེ་སྔ་བཞིན་སོ་ནམ་འདེབས་ལས་ཁོ་ནའི་ཐོག་འབད་པ་ཡིན་ན་རྗེས་ལུས་ཀྱི་རྣམ་པ་ཞིག་ཏུ་འགྱུར་ཉེན་ཡོད་པས། ལས་ཀ་སྤྲོད་རྒྱུའི་ལས་གཞི་གང་མང་བརྩམ་དགོས་པ་གལ་ཆེན་ཡིན་པ་དང་། དེའི་ཐོག་ནང་སྲིད་ལས་ཁུངས་ཀྱིས་མཐུན་འགྱུར་གནང་རྒྱུ་ཡིན་སྐོར་སོགས་གསུང་བཤད་གནང་སོང་།
ཐེངས་འདིའི་ཚོགས་ཐོག་ཏུ་ཚོགས་བཅར་བ་ཚོས་བོད་མིའི་མཉམ་འབྲེལ་ནང་ཁུལ་ལས་བྱེད་གནས་སྤོ་དང་ཉམས་གསོག་ཀྱི་ཐབས་ལམ་ཇི་ཡོད་སྐོར་དང་ས་གནས་འགོ་འཛིན་ལས་ཁུངས་དང་མཉམ་འབྲེལ་གཉིས་དབར་འབྲེལ་ལམ་བཟང་དུ་གཏོང་ཕྱོགས། ས་གནས་བོད་མིའི་མཉམ་འབྲེལ་ཁག་གི་འཛིན་སྐྱོང་ཚགས་ཚུད་བཟོ་རྒྱུར་སྤྱི་མཐུན་མཉམ་འབྲེལ་ལ་འགན་ལེན་དང་རོགས་འདེགས་གནས་ཕྱོགས་སོགས་ཀྱི་གྲོས་ཆོད་ཁག་ཅིག་གཏན་འབེབས་གནང་ཡོད་འདུག
ཐེངས་འདིའི་ཚོགས་ཆེན་ཐོག་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་སྤྱི་ཟུར་པདྨ་བདེ་ལེགས་གཙོས་ས་གནས་ཁག་གི་མཉམ་འབྲེལ་བཅོ་ལྔའི་ཚོགས་གཙོ་དང་དྲུང་ཆེ། སྤྱི་མཐུན་མཉམ་འབྲེལ་གྱི་སྐུ་ཚབ་རྣམ་པ། ལྷོ་སྤྱི་དང་ལ་སྤྱི། ས་གནས་འགོ་འཛིན་བཅས་ཁྱོན་བསྡོམས་མི་གྲངས་༤༥ ཙམ་ཚོགས་བཅར་ཞུས་འདུག་ལ། ལས་གཞི་དེ་ནི་ཨ་རིའི་རོགས་ཚོགས་(USAID) (NDI) ་དང་གཉིས་ཀྱིས་མཐུན་འགྱུར་གནང་བ་ཞིག་ཆགས་ཡོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།