བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་མང་གཙོ་ཞབས་ཞུའི་གཟེངས་རྟགས་ཕུལ།
ཟླ་འདིའི་ཚེས་༡༣ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིིའི་རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་ལྟེ་གནས་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་མང་གཙོ་ཞབས་ཞུའི་གཟེངས་རྟགས་དང་བོད་དོན་ལས་འགུལ་བསྟི་གནས་ཁང་ལ་ཆེ་བསྟོད་ཀྱི་མང་གཙོའི་གཟེངས་རྟགས་བཅས་ཕུལ་ཡོད་འདུག
ཨ་རིའི་མང་གཙོ་ཁྱབ་སྤེལ་ལྟེ་གནས་ཁང་གིས་འཛམ་གླིང་ནང་གི་མང་གཙོ་དང་རང་དབང་ཆེད་འཐབ་རྩོད་གནང་མཁན་ལས་འགུལ་བ་རྣམས་ལ་ཆེ་བསྟོད་ངོས་འཛིན་དང་། གཟེངས་རྟགས་གནང་སྲོལ་ཡོད་པ་ལྟར། ལྟེ་གནས་ཁང་གིས་ལོ་འདིའི་མང་གཙོ་ཞབས་ཞུའི་གཟེངས་རྟགས་དེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་ཨུ་རུ་སུའི་བཙོན་འོག་ཏུ་ཡོད་པའི་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་འགོ་ཁྲིད་(Vladimir Kara-Murza)། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་མེ་ཆི མེག་ཀོ་ནལ་ (Mitch McConnell) ་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལོ་སི་ (Nancy Pelosi) ། བྷེ་ལ་རུ་སིའི་འགོ་ཁྲིད་(Sviatlana Tsikhanouskaya) བཅས་ལ་ཕུལ་འདུག གཟེངས་རྟགས་དེ་ནི་ཕྱི་ལོ་༢༠༡༠ ལོར་༧གོང་ས་མཆོག་དང་ཕྱི་ལོ་༢༠༡༦ ལོར་སྐུ་གཤེགས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་བཅས་ལ་ཕུལ་ཡོད་འདུག
གཞན་ཡང་ལྟེ་གནས་ཁང་གིས་ལོ་འདིའི་མང་གཙོའི་གཟེངས་རྟགས་ནི་བོད་ནང་རྒྱ་གཞུང་གིས་སྤེལ་བཞིན་པའི་གཞི་རྒྱ་ཆེ་བའི་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་སྐོར་གྱི་ཡིག་ཆ་འདོན་སྤེལ་གནང་མཁན་བོད་དོན་ལས་འགུལ་བསྟི་གནས་ཁང་དང། དེ་བཞིན་ཡུག་རེན་གྱི་ས་གནས་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་དང་སུ་ཌན་གྱི་གཞོན་སྐྱེས་མགོ་ཁྲིད་རྣམས་ལ་དམངས་གཙོ་དང་ཞི་བདེ་གོང་མཐོར་གཏོང་མཁན་གྱི་ཝའེ་ཚོགས་པ་ (Waey Organization) བཅས་གསུམ་ལ་ཕུལ་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན།མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་ནས་བོད་དོན་ལ་ཡུན་རིང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས།
སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བཙན་བྱོལ་བོད་མི་རྣམས་ནས་༧གོང་ས་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་ཤར་སྐྱོད་གནང་སྟེ། བཙན་བྱོལ་ནང་དུ་མང་གཙོའི་ཆ་ལག་ཚང་བའི་སྒྲིག་འཛུགས་གསར་འཛུགས་བསྐྱངས་ཏེ། ད་ལམ་མང་གཙོའི་ཀ་བ་གསུམ་ལྡན་གྱི་སྒྲིག་འཛུགས་ཚད་ལྡན་ཞིག་ཏུ་གྱུར་ཡོད་པ་དང་།རྒྱ་ནག་གཞུང་གིས་བོད་ཐེ་བའི་བཙན་འཛུལ་བྱ་ཡུལ་ས་ཁུལ་ཁག་ཏུ་བཙན་ཤེད་ཀྱིས་ཆོས་དང་རིག་གཞུང་རྩ་མེད་བཏང་སྟེ། རྒྱ་རིགས་སུ་བསྒྱུར་ཐབས་ཀྱི་འབད་རྩོལ་ཤུགས་ཆེ་བྱེད་བཞིན་པ་དང་། ལྷག་པར་རྒྱ་ནག་གཞུང་གིས་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་བརྒྱུད་བོད་ཕྲུག་ས་ཡ་གཅིག་ལྷག་ལ་ཆབ་སྲིད་སློབ་གསོ་སྤྲད་དེ་མི་རིགས་བཙན་སྒྱུར་གྱི་ལས་གཞི་གཞི་རྒྱ་ཆེན་པོ་སྤེལ་བཞིན་པར་ཐུགས་འཚབ་ཡོད་ཅེས་དང་། རྒྱལ་ཁབ་ཚང་མས་བོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པར་ཁས་ལེན་བྱས་ན། རྒྱ་ནག་གིས་ང་ཚོར་གྲོས་མོལ་བྱེད་དགོས་པའི་རྒྱུ་མཚན་མཐོང་གི་མ་རེད། ངས་ད་དུང་སྲིད་གཞུང་ཁག་ལ་འདྲི་རྒྱུར། རྒྱ་ནག་གིས་རྒྱལ་ཁབ་གཞན་ལ་བོད་ཁོ་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པར་བཤད་དུ་འཇུག་དོན་ཅི་ཡིན་བསམ་གྱི་འདུག་གམ། དེ་ནི་རྒྱ་ནག་གིས་བོད་ལ་དབང་སྒྱུར་བྱེད་པའི་ཁྲིམས་མཐུན་གྱི་དབང་ཆ་མེད་པར་ཤེས་ཀྱི་ཡོད་པས་རེད། རྒྱུ་མཚན་དེའི་ཕྱིར་ཁོ་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲོད་ནས་ཁྲིམས་མཐུན་གྱི་དབང་ཆ་དེ་འཐོབ་ཐབས་བྱེད་ཀྱི་ཡོད། ངས་གོ་སྐབས་འདི་བཟུང་ནས་ཨ་རིའི་གྲོས་ཚོགས་ནང་གི་ང་ཚོའི་གྲོགས་པོ་ཚོ་དང་། ལྷག་པར་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ནན་སི་པོ་ལོ་སི་མཆོག་དང་། སྐུ་ཞབས་ཁཱ་སི་ཊོ་རོ་(Joaquin Castro) ལགས་ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་འཐུས་མི་ཚོར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། གྲོས་ཚོགས་འཐུས་མི་ཁཱ་སི་ཊོ་རོ་ལགས་ཀྱིས་ཁ་སང་ཨ་རིའི་གྲོས་ཚོགས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བ་དེའི་སྐོར་གསུངས་སོང་། ཁྲིམས་ཡིག་དེ་ནི་བོད་རྒྱའི་དཀའ་རྙོག་ད་དུང་སེལ་མེད་པའི་རྒྱལ་སྤྱིའི་དཀའ་རྙོག་ཅིག་ཡིན་པ་དང་། དཀའ་རྙོག་དེ་ཉིད་སེལ་ཐབས་སུ་རྒྱ་ནག་གཞུང་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་བོད་མིའི་དབུ་ཁྲིད་བར་སྔོན་འགྲོའི་ཆ་རྐྱེན་མེད་པའི་ཐོག་ནས་གྲོས་མོལ་ལ་ཞུགས་སྐུལ་དེད་གཏོང་ཆེད་ཡིན་པ་རེད། ཅེས་སོགས་གསུངས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།