བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ནས་རྒྱ་གར་བྱང་ཤར་ཁུལ་དུ་འཚམས་གཟིགས་གནང་འགོ་བཙུགས། 

བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༡༩ ནས་ཟླ་བ་  ༢ ཚེས་ ༥ བར་རྒྱ་གར་རྒྱལ་ས་ལྡི་ལི། རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་དྷི་མ་སྤུར་དང་། ཨི་ཊཱ་ན་གར། ཀྲུ་ཀྲིང་། མེའོ། ཏི་ཛུ། རྡོར་གླིང་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ལ་འཚམས་གཟིགས་དང་། དེ་བཞིན་གདན་ཞུ་ལྟར་ཨི་ཊཱ་ན་གར་ས་གནས་སུ་ཨ་རུ་ཎཱ་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་འཕགས་བོད་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག སློབ་གཉེར་འདུ་ཚོགས་སུ་གསུང་བཤད་གནང་རྒྱུ་དང་ཚོགས་མི་རྣམ་པ་མཇལ་འཕྲད་གནང་རྒྱུ་བཅས་ཀྱི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་འགོ་བཙུགས་འདུག་པ་བཞིན། 

ཟླ་བ་འདིའི་ཚེས་ ༢༢ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་དྷི་མ་སྤུར་དུ་འབྱོར་ཏེ་ས་གནས་བོད་མི་རྣམས་ལ། བཙན་བྱོལ་བོད་མིའི་འོས་འདེམས་བྱས་པའི་སྐུ་ཚབ་ཅིག་ཡིན་པའི་ཆ་ནས་བཙན་བྱོལ་བོད་མིའི་འདུ་སྡོད་ས་གནས་ཁག་དང་། ཁ་ཐོར་ས་གནས་ཁག་ཏུ་དུས་བསྟུན་ཕྱོགས་བསྐྱོད་ཀྱིས་མང་ཚོགས་ཀྱིས་གནས་སྟངས་རྒྱུས་ལོན་དང་བདེ་སྡུག་ཁག་ལ་གཟིགས་ཞིབ་བརྒྱུད་བོད་མིའི་སྒྲིག་འཛུགས་དང་ས་གནས་བོད་མིའི་དབར་འབྲེལ་ལམ་དང་བོད་དོན་འཐབ་རྩོད་གོང་མཐོར་གཏོང་རྒྱུ་གལ་འགངས་ཆེན་པོ་ཡིན་སྐོར་དང་།

བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་གནས་སྡོད་རང་རིགས་མང་དག་ཅིག་སོ་སོའི་མི་ཚེའི་མདུན་ལམ་ཆེད་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གཞིས་སྤོས་ཀྱི་གནས་སྟངས་དང་འབྲེལ། ཐབས་བྱུས་ལྡན་པའི་ཐོག་ནས་བོད་མིའི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་གོང་སྤེལ་སླད་འཛམ་གླིང་ཡུལ་གྲུ་ཁག་ཏུ་གྲམ་ནས་ཡོད་པའི་བོད་མིའི་གྲངས་འབོར་གྱི་གནས་སྟངས་ཤེས་རྟོགས་དགོས་གལ་སྐོར་སོགས་གསུངས་འདུག་པ་དང་། དེ་བཞིན་བོད་མི་མང་ཚོགས་ནས་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་།སྐད་ཡིག་མི་ཉམས་རྒྱུན་འཛིན་བྱ་རྒྱུའི་གནད་འགག འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་ནུས་པ་ལྡན་པའི་ནང་པའི་ཆོས་འདི་བཞིན་བོད་པ་ཙམ་མ་ཡིན་པར་ཧི་མ་ལ་ཡའི་རི་རྒྱུད་དང་། རྒྱལ་སྤྱིའི་ནང་པའི་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཆེན་པོ་ཡོད་པ།

གཞན་ཡང་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་གྲུབ་འབྲས་དང་། ལས་གཞིའི་སྐོར་ངོ་སྤྲོད་དང་འབྲེལ། ཉེ་ལམ་ཨ་རིའི་སྲིད་གཞུང་གིས་གཏན་འབེབས་གནང་བའི་བོད་རྒྱའི་རྩོད་རྙོག་གི་ཁྲིམས་ཡིག་གི་གལ་གནད། བོད་དོན་འཐབ་རྩོད་ཀྱི་འབད་རྩོལ་ཤུགས་ཆེར་གཏོང་ཆེད་སྒྲིག་འཛུགས་ཀྱི་སྒྲོམ་གཞི་ཚགས་ཚུད་དང་། ལས་བྱེད་ཀྱི་ནུས་རྩལ་གོང་སྤེལ་གཏོང་རྒྱུ་གལ་ཆེན་པོ་ཆགས་པའི་སྐོར། དེ་བཞིན་བཀའ་ཤག་གི་ལས་གཞིའི་ཁྲོད་ནས་བོད་ཀྱི་གྲངས་འཛིན་དཔེ་མཛོད་གསར་བཟོའི་ལས་གཞི་དང་། ཁྱིམ་ཐོ་ཞིབ་བཤེར། སྲི་ཞུའི་ལས་བྱེད་རྣམས་ཀྱི་ནུས་རྩལ་མཐོར་འདེགས་བཅས་ཀྱི་ངོ་སྤྲོད། དེ་མིན་བོད་རྒྱའི་རྩོད་རྙོག་གི་ཐབས་ལམ་ནི་དབུ་མའི་ལམ་ཡིན་པ་དང་། བོད་མི་རྣམས་ནས་འཛམ་གླིང་གི་ཆབ་སྲིད་འགྱུར་ལྡོག་ལ་དོ་སྣང་བྱ་རྒྱུ། སྤྱི་ཚོགས་ནང་ཁུལ་ཆབ་སྲིད་ཀྱི་ལྟ་བ་མཐུན་མིན་ལ་མ་ལྟོས་པར་མཐུན་ལམ་ཟོང་ཁ་ཆིག་སྒྲིལ་དགོས་རྒྱུ་བཅས་ནི་བོད་མིའི་འཐབ་རྩོད་དང་། རང་དབང་ཆེད་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་མཐར་དྷི་མ་སྤུར་བོད་མིའི་གཞིས་ཆགས་ནས་རང་ཁ་རང་གསོ་ཐོག་ནས་གནས་ཐུབ་པར་བསྔགས་བརྗོད་གནང་ཡོད་འདུག གོང་གསལ་གནས་ཚུལ་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ་ནས་བཏུས།
གསར་འགོད་པ། བསྟན་འཛིན་ལམ་བཟང་།