བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་དོན་དངོས་ཀྱི་གནས་སྟངས་ནི་ནམ་ཡང་ལྕགས་ཀྱི་དྲྭ་བས་འགོག་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག

རྒྱ་ནག་གཞུང་གིས་བོད་དང་འབྲེལ་བའི་གནད་དོན་རྣམས་འཁྱོག་བཤད་ཆེད་དུ་རྒྱབ་ཤ་དཀར་པོ་ཟེར་བའི་དེབ་གཅིག་བཏོན་ཡོད་འདུག་པ་དང་། དེའི་ནང་གཙོ་བོ་བོད་ཀྱི་བདག་དབང་རྒྱ་ནག་ལ་ཡོད་ཚུལ་དང་། བོད་ནང་དུ་འགྲོ་བ་མིི་ཐོབ་ཐང་དང་དཔལ་འབྱོར། ཆོས་ལུགས། མི་རིགས་མཐུན་སྒྲིལ་སོགས་ཀྱི་གནད་དོན་རྣམས་སྔར་ལས་ཡར་རྒྱས་ཕྱིན་ཡོད་ཚུལ་འཁྱོག་བརྗོད་བྱས་ཡོད་འདུག
ཕྱི་ཚེས་༢༨ ཉིན་གོ་ལའི་དུས་བབ་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་བོད་སྐོར་འཁྱོག་བཤད་ཀྱི་དེབ་རྒྱབ་ཤ་དཀར་པོ་ཟེར་བ་དེ་བཏོན་ཡོད་འདུག་ཅིང་། དེབ་དེའི་ནང་བརྗོད་དོན་ལ། ད་ཆར་བོད་ནང་སྤྱི་ཡོངས་གནད་དོན་ཚང་མ་ཡར་རྒྱས་ཧ་ཅང་ཕྱིན་ཡོད་ཚུལ་དང་། དཔེར་ན། ཆབ་སྲིད་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། དཔལ་འབྱོར་ཡར་རྒྱས། སྤྱི་ཚོགས་བདེ་འཇགས། ཁོར་ཡུག་སྲུང་སྐྱོབ། ས་གནས་མི་མང་གི་འཚོ་བ། འགྲོ་བ་མིའི་ཐོབ་ཐང་སོགས་སྔར་ལས་ཡར་རྒྱས་ཕྱིན་ཡོད་ཀྱང་། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱིས་ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་ནས། འགྲོ་བ་མིའི་ཐོབ་ཐང་ཁ་གཡར་ནས་ཁ་ཕྲལ་དང་གཏོར་བཤིག་གི་བེད་སྤྱོད་བྱེད་ཀྱི་ཡོད་ཚུལ་སོགས་བརྗོད་འདུག འོན་ཀྱང་། འདི་ལོའི་ཟླ་བ་༢ པའི་ཚེས་༢༧ ཉིན་ཨ་རིའི་རང་དབང་ཁང་པ་ཡིས་རྒྱལ་སྤྱིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་སྙན་ཐོ་ཞིག་བཏོན་ཡོད་པ་དང་། སྙན་ཐོ་དེའི་ནང་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དེ་གྲངས་ཚད་༡༠༠ ནས་ཀླད་ཀོར་ཡིན་པར་བརྗོད་ཡོད། ཁ་སང་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་བོད་དེ་དམངས་གཙོ་བཅོས་བསྒྱུར་བྱས་ནས་མི་ལོ་༦༦ འཁོར་གྱི་ཡོད་ཚུལ་དང་། དུས་ཡུན་དེ་དག་གི་རིང་བོད་ནང་སྤྱི་ཡོངས་ཀྱི་མི་མང་གི་འཚོ་བ་དང་བདེ་འཇགས་སོགས་ཡར་རྒྱས་ཧ་ཅང་ཕྱིན་ཡོད་ཀྱང་། ནུབ་ཕྱོགས་རྒྱལ་ཁབ་ཚོས་གོ་བ་ལོག་པ་ལེན་བཞིན་ཡོད་ཚུལ་བརྗོད་འདུག དོན་དངོས་སུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་། འགྲོ་བ་མིའི་ཐོབ་ཐང་སྐོར་ལ་མཁས་པ་ཚོས་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་ཡོད་པ་དང་། བོད་ཕྲུག་ས་ཡ་གཅིག་ཙམ་ཞིག་རྒྱ་ནག་གཞུང་གིས་བཟོས་པའི་བཅའ་སྡོད་སློབ་གྲྭའི་ནང་བཙན་གྱིས་བཅུག་ནས་མི་རིགས་རྩ་མེད་ཀྱི་སྲིད་བྱུས་སྤེལ་བཞིན་ཡོད་པ་དང་། བོད་ཕྲུག་རང་ལོ་དྲུག་ནས་རྒྱ་ནག་གིས་སློབ་གསོ་སྤྲད་ནས་རྒྱ་རིགས་བཟོ་ཐབས་བྱེད་བཞིན་པ་ནི་ཧ་ཅང་གིས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་ཅིག་ཡིན་པར་བརྗོད་ཡོད། རྒྱ་ནག་གཞུང་གིས་བཅའ་སྡོད་སློབ་གྲྭའི་སྐོར་བརྗོད་དོན་ལ། བོད་ཕྲུག་རྒྱའི་སློབ་གྲྭར་ཡོད་མཁན་ཚོ་གུང་གསེང་སྐབས་སུ་རང་ཁྱིམ་དུ་ལོག་ཆོག་གི་ཡོད་པ་དང་། བཅའ་སྡོད་སློབ་གྲྭ་ནི་བོད་པའི་སློབ་ཕྲུག་ཚོ་ལ་དགོས་མཁོ་ཆེན་པོ་ཡིན་ཞིང་། བོད་ཀྱི་ས་ཁམས་ཆེན་པོ་ཡིན་པའི་རྐྱེན་གྱིས་སློབ་མ་ཚོ་འགྲིམ་འགྲུལ་ལ་དཀའ་ངལ་ཡོད་ཚུལ་ཤོད་ཀྱི་ཡོད་འདུག དེ་བཞིན་དམའ་རིམ་ནས་མཐོ་རིམ་འཛིན་གྲྭའི་བར་རྒྱ་ནག་གཞུང་གིས་སློབ་གྲྭ་ཁག་ལ་སློབ་ཡོན་སྤྲོད་ཀྱི་ཡོད་ཚུལ་བརྗོད་འདུག རྒྱ་ནག་གཞུང་གིས་ཁ་སང་གི་རྒྱབ་ཤ་དཀར་པོའི་དེབ་ནང་ནུབ་ཕྱོགས་པའི་གསར་ཁང་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག་ཅིང་། བོད་ནང་སྔར་དང་མི་འདྲ་བར་གང་ས་སྤྱི་ཐད་ནས་ཡར་རྒྱས་ཕྱིན་ཡོད་པར་བརྗོད་འདུག འོན་ཀྱང་། རྒྱ་ནག་ནི་ལོ་རྟག་པར་འཛམ་གླིང་ནང་གསར་འགོད་པ་མང་ཤོས་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་གཅིག་ཡིན་པ་དང་། ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་རང་དབང་ཐོག་ནས་བོད་ནང་གི་གནས་སྟངས་རྒྱུས་ལོན་ཆེད་ཡོང་འཇུག་གི་མེད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ནས། ཨེག་སི་x སྤྱི་ཚོགས་དྲྭ་ལམ་ཐོག་རྒྱ་ནག་གིས་བོད་ཐོག་བཏོན་པའི་རྒྱབ་ཤ་དཀར་པོ་ལ་ལན་འདེབས་གནང་དོན། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡག་པོ་ཡོད་ཚུལ། ཆོས་ལུགས་རང་དབང། སྨྲ་བརྗོད་རང་དབང་། འགྲོ་འདུག་རང་དབང་སོགས་ཡག་པོ་ཡོད་ཚུལ་རྗོད་ཀྱི་ཡོད་ཀྱང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་དོན་དངོས་ཀྱི་གནས་སྟངས་དེ་ནམ་ཡང་ལྕགས་ཀྱི་དྲྭ་བས་འགོག་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།