བོད་མིའི་སྒྲིག་འཛུཌ་ཀྱི་ཉེན་ཁ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༡༠༣༤ ཡི་ཆེད་བརྗོད།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་རི་གཙོ་བོར་འཛིན་པའི་སྲིད་བྱུས་དང་འབྲེལ་ཨ་རིའི་གཞུང་གིས་རོགས་དངུལ་སྤྲོད་བཞིན་པ་ཁག་ཟླ་བ་གསུམ་རིང་བཀག་སྐྱིལ་བྱས་འདུག ཊོམ་སྲིད་གཞུང་གིས་ཨ་རིའི་ཕྱི་འབྲེལ་རོགས་སྐྱོར་ལས་གཞི་དག་གིས། ༡ ཨ་རིའི་བདེ་འཇགས་ལ་ཕན་ཐོགས་ཡོད་མེད། ༢ ཨ་རི་སྟོབས་ཤུགས་ཆེ་རུ་འགྲོ་བར་ཕན་ཐོགས་ཡོད་མེད། ༣ ཨ་རི་ཡར་རྒྱས་འགྲོ་བར་ཕན་ཐོགས་ཡོད་མེད་བཅས་བསྐྱར་ཞིབ་བྱེད་བཞིན་ཡོད་འདུག་པ་དང། གོང་གསལ་གནད་དོན་དེ་གསུམ་དང་འབྲེལ་བ་མེད་ན་མུ་མཐུད་རོགས་རམ་བྱ་རྒྱུ་མིན་ཞེས་བསྒྲགས་འདུག ད་ལན་ཨ་རིའི་ཊོམ་སྲིད་གཞུང་གི་སྲིད་བྱུས་འདི་ལ་བརྟེན་ནས་ཨ་རིའི་རོགས་དངུལ་སྤྲོད་ཡུལ་གྱི་རྒྱལ་ཁབ་དང། ཚོགས་སྡེ་ཁག་བཅས་ལ་ཤུགས་རྐྱེན་ཆེན་པོ་འཕྲད་ངེས་སུ་གྱུར་ཡོད། གཙོ་བོ་བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་དང། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་བཅས་ཀྱི་ལས་དོན་རྣམས་གོང་གསལ་དོན་ཚན་གསུམ་དང་འབྲེལ་བ་ཡོད་མེད་དེ་གནད་འགག་གཙོ་བོར་གྱུར་ཡོད།

བོད་མིའི་སྒྲིག་འཛུགས་དང་འབྲེལ་ཡོད་ཚོགས་སྡེ་ཁག་གི་ལས་དོན་གྱིས་ཨ་རིའི་བདེ་འཇགས་ལ་ཕན་པའི་རྒྱུ་མཚན་བགྲང་དཀའ་ལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ནི་རྒྱ་གཞུང་ལ་འབྲེལ་བ་དམ་ཟབ་དང། བྱུང་ན་བོད་རྒྱ་མཉམ་གནས་བྱ་རྒྱུའི་འཆར་གཞི་ཡོད་པས། ཨ་རིའི་འགྲན་སྡུར་གྱི་ཁ་གཏད་གཙོ་བོ་རྒྱ་དམར་གཞུང་ཡིན་ན་བོད་དོན་འཐབ་རྩོད་ཀྱི་སྲིད་བྱུས་འདིས་ཨ་རི་སྟོབས་ཤུགས་ཆེ་རུ་འགྲོ་བར་ཕན་ཐོགས་ཡོད་དམ་མེད། བོད་དོན་ལས་འགུལ་དང་སྲིད་བྱུས་ཀྱིས་ཨ་རིའི་རྒྱལ་ཁབ་ཡར་རྒྱས་འགྲོ་བར་ཕན་ཐོགས་ཡོད་མེད་ནི་དེ་བས་ཀྱང་བཤད་དཀའ་བས། ད་ལན་སྲིད་འཛིན་ཊོམ་གྱི་སྲིད་བྱུས་འདི་བོད་མིའི་སྒྲིག་འཛུགས་དང་ཚོགས་སྡེ་ཁག་ལ་དཀའ་ངལ་གྱི་གཞི་རྩ་གཙོ་བོ་ཞིག་ཏུ་འགྱུར་ཉེན་འདུག འོན་ཀྱང་གནད་དོན་འདིར་བཙན་བྱོལ་བོད་མིའི་བརྒྱུད་ལམ་ཁག་དང་སྤྱི་ཚོགས་ནང་གླེང་སློང་མེད་པར། སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་པའི་གནས་ཚུལ་ཆུང་ཙག་ཁག་ལ་མགོ་འཐོམས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ཐོག་ནས་རང་ཁ་རང་གསོ་ཡོང་ཐབས་དགོས་པའི་བཀའ་སློབ་གསུང་བཤད་དུས་རྒྱུན་གོ་རྒྱུ་ཡོད་ཀྱང། དོན་དངོས་ཐོག་དཔལ་འབྱོར་གྱི་ཡོང་ཁུངས་རྒྱ་ཆེ་རུ་གང་ཡང་སོང་མེད། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་དང། ནང་སྲིད་ལས་ཁུངས། ཤེས་རིག་ལས་ཁུངས། ཆོས་རིག་ལས་ཁུངས། འཕྲོད་བསྟེན་ལས་ཁུངས་སོགས་ཁེ་མེད་དགེ་རྩ་ཚོགས་པའི་ངོ་བོར་དེབ་སྐྱེལ་བྱས་པ་ཞིག་ཡིན་ཞིང། ཚོང་ལས་ཁེ་ཕན་དང་འབྲེལ་བའི་སྡེ་ཚན་རྐང་གཅིག་ཡོད་པ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་ད་ལྟའི་ཆར་ཤི་མ་གསོན་ཞིག་ཏུ་བསྒྱུར་ཟིན་པས། ཁེ་བཟང་ཆེན་པོ་བཟོ་ཐུབ་པའི་རེ་བ་གང་ཡང་མེད་པར་གྱུར་ཟིན། ལྷག་པར་མཛད་གཙོ་རྣམ་པས་དཔལ་འབྱོར་སྐོར་བཤད་དུས་ཚོང་རྒྱག་རྒྱུའི་སྲིད་བྱུས་ནི་དུས་ནམ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་བྱེད་མི་འོས་པ་ཞིག་ཏུ་འགྲེལ་བཤད་རྒྱག་གི་ཡོད་ཀྱང། རོགས་ཚོགས་ཁག་དང་མི་མང་ལ་སློང་རྒྱག་རྒྱུ་དེ་དུས་རྒྱུན་འབད་བརྩོན་ཆེ་ཤོས་བྱེད་ཡུལ་ཞིག་ཏུ་གྱུར་ཡོད། 

ཁ་གསལ་པོ་བཤད་ན་ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱིས་སློང་རྒྱག་པ་ལས་ཚོང་རྒྱག་མི་ཆོག་པའི་དཔལ་འབྱོར་སྲིད་བྱུས་འདི་ལྟ་བུ་འཛིན་བཞིན་པའི་སྐབས། གློ་བུར་ཐོག་རྒྱག་ཏུ་སྲིད་འཛིན་ཊོམ་གྱི་སྲིད་བྱུས་འདི་ལྟ་བུ་ཞིག་ལག་བསྟར་བྱས་སོང་བས། བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་གྱི་རོགས་སྐྱོར་ཆེ་ཤོས་བྱེད་མཁན་ཨ་རི་ལ་རེ་ལྟོས་བྱེད་ཡུལ་མེད་པར་འགྱུར་སྲིད་པས། དཔལ་འབྱོར་གྱི་ཐོག་ནས་དཀའ་ངལ་འཕྲད་ངེས་པ་དང། འདས་པའི་ལོ་ཤས་རིང་དཔལ་འབྱོར་གྱི་ཡོང་འབབ་ལ་སྔོན་མེད་འཕར་སྣོན་དང་བརྟན་པོའི་ཐོག་ནས་སླེབས་པ་ཞིག་བྱུང་བ་ནི། རྒྱ་བལ་འབྲུག་གསུམ་དུ་གནས་སྡོད་བྱེད་མཁན་བཙན་བྱོལ་བོད་མི་དཀྱུས་མ་རྣམས་ལ་དང་བླངས་དཔྱ་ཁྲལ་ཧིན་སྒོར་༥༨ ནས་༢༠༠ ལ་སྤར་ཆ་བྱས་པ་དེ་ཁོ་ན་རེད་ཅེས་བརྗོད་ཀྱང་ཆོག་པ་ཞིག་རེད། 

མདོར་ན་དུས་རབས་ཉེར་གཅིག་པར་དཔལ་འབྱོར་མེད་ན་ལས་དོན་གང་ཡང་འགྲུབ་ཐབས་མེད་པ་དང། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ལ་མཚོན་ན་བོད་པ་རང་ངོས་ནས་ཡོང་འབབ་ཡོད་པ་དང་བླངས་དཔྱ་ཁྲལ་འབུལ་འབབ་གཅིག་པུ་དང། གཞན་གཏན་འཇགས་མ་དངུལ་གྱི་སྐྱེད་འབབ་ཙམ་ལས་གང་ཡང་མེད་ལ། ཚོང་འཁོས་དང་འབྲེལ་བ་ཡོད་པའི་ཡོང་འབབ་རྐང་གཅིག་མེད། ཨ་རི་ཕུད་པས་རོགས་རམ་ཆེ་ཤོས་བྱེད་མཁན་གཅིག་འཇར་མན་གཞུང་ཡིན་ནའང། ར་ཡུག་དམག་འཁྲུག་སོགས་ལ་བརྟེན་ནས་ཡུ་རོབ་ཁག་ཏུ་དཔལ་འབྱོར་གྱི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པས། བཙན་བྱོལ་བོད་མི་ལ་རོགས་སྐྱོར་གྱི་རྣམ་གྲངས་མང་པོ་ཞིག་ཉུང་དུ་འགྲོ་རྒྱུའི་ཉེན་ཁ་ཡོད། དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱུན་གྲོན་རྣམས་མུ་མཐུད་བརྟན་པོ་བྱས་ནས་གཏོང་ཐུབ་པར་བསམ་ཞིབ་མ་བྱས་པར། ལས་གཞི་ཆེ་ཁག་མང་པོ་འགོ་འཛུགས་བྱ་རྒྱུའི་གྲ་སྒྲིག་བྱས་པ་ཡིན་ན་ཡུན་རིང་མ་འགོར་བར་“ལག་པ་རིང་དྲགས། ཕུ་དུང་ཐུང་དྲགས་”ཞེས་པ་ལྟར་འགྱུར་ཉེན་ཡོད།།