བོད་མིའི་སློབ་ཕྲུག་ཚོ་རྒྱལ་སྤྱིའི་ཁོར་ཡུག་ལས་འགུལ་ནང་མཉམ་ཞུགས་བྱས་སོང་།

བཙན་བྱོལ་བོད་མིའི་སློབ་ཕྲུག་ཚོས་རྒྱལ་སྤྱིའི་ཁོར་ཡུག་ལས་འགུལ་བ་ས་ཡ་མང་པོར་རྒྱབ་སྐྱོར་གྱི་རྣམ་པ་དང་། རྒྱ་ནག་གཞུང་གིས་བོད་ནང་གི་ཁོར་ཡུག་ལ་ཚབས་ཆེན་གཏོར་སྐྱོན་གཏོང་བཞིན་ཡོད་པ་དེས། བོད་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་སྤྲོད་བཞིན་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་།

དེ་ཡང་རང་ལོ་༡༦ ཡིན་པའི་ཁོར་ཡུག་ལས་འགུལ་བ་གྲགས་ཅན་སློབ་ཕྲུག་གྷེ་རེ་ཏ་ཐན་བྷག་གིས། ལོ་ངོ་གཅིག་སྔོན་ནས་རེས་གཟའ་པ་སངས་ནམ་ཡིན་ལ་སློབ་གྲྭ་མ་ཕྱིན་པར། སུ་ཝེ་ཌན་གྱི་གྲོས་ཚོགས་ཁང་མདུན་དུ་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དེ་ཛ་དྲག་ཆགས་ཡོད་པར་ངོས་འཛིན་དང་ལས་འགུལ་སྤེལ་དགོས་པའི་ལས་འགུལ་སྤེལ་ཡོད་པ་དང་། མོ་ལ་བརྟེན་ནས་རྒྱལ་སྤྱིའི་ནང་སློབ་ཕྲུག་གཙོས་པའི་མི་མང་ས་ཡ་མང་པོས་གནམ་གཤིས་འགྱུར་ལྡོག་ཐད་གྲུབ་འབྲས་ཐོན་ངེས་ཡོད་པའི་ལས་འགུལ་སྤེལ་དགོས་པའི་དགོས་འདུན་དང་སྦྲགས་ནས། ཁོར་ཡུག་ལས་འགུལ་གཞི་རྒྱ་ཆེ་བ་མང་པོ་སྤེལ་ཡོད་པ་རེད། འདི་ལོར་མཉམ་འབྲེལ་རྒྱལ་ཁབ་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཛ་དྲག་གནས་སྟངས་ཐོག་ཟླ་༩ པའི་ཚེས་༢༣ ནས་ཚོགས་ཆེན་འཚོགས་ཡོད་པ་དང་བསྟུན། མོས་ཚེས་༢༠ ནས་༢༧ བར་མི་མང་ཚོས་ཁོར་ཡུག་སྲུང་སྐྱོབ་དང་གནམ་གཤིས་འགྱུར་ལྡོག་ལ་འཐབ་རྒོལ་གྱི་ལས་འགུལ་ཆེན་པོ་སྤེལ་བའི་རེ་སྐུལ་བྱས་པ་ལྟར། ཚེས་༢༠ རེས་གཟའ་པ་སངས་ཉིན་འཛམ་གླིང་གང་སར་མི་མང་ས་ཡ་༤ ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་པ་རེད།

དེ་ཡང་ཚེས་༢༧ ཉིན་བཞུགས་སྒར་དྷ་སར་དྷ་ཤོད་བོད་ཁྱིམ་སློབ་གྲྭ་དང་དཔེ་སྟོན་སློབ་གྲྭ་བཅས་ཀྱི་འཛིན་རིམ་བརྒྱད་པ་དང་དགུ་པ། བཅུ་པ་བཅས་ཀྱི་སློབ་ཕྲུག་ཚོས་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་འཐབ་རྒོལ་བྱེད་དགོས་པ་དང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སོགས་དང་འབྲེལ་བའི་སྦྱར་ཡིག་ཁྱེར་ནས། མེག་གྷན་གྱི་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་ནས། གཙུག་ལག་ཁང་གི་ལམ་དུ་ཡོད་པའི་གཞུང་གི་རླངས་འཁོར་བཀག་འཇོག་ས་ཚིགས་བར་གོམ་བགྲོད་དང་སྐད་འབོད་བྱས་སོང་བ་དང་། རླངས་འཁོར་བཀག་འཇོག་ས་ཚིགས་སུ་འབྱོར་རྗེས། ལས་འགུལ་གོ་སྒྲིག་པའི་སྐུ་ཚབ་དང་དེ་བཞིན་སློབ་ཕྲུག་ཁག་ཅིག་གིས་གཏམ་བཤད་བྱས་སོང་།

སློབ་ཕྲུག་ཚོའི་ལས་འགུལ་དེར་རྒྱབ་སྐྱོར་ཆེད་དུ། རྒྱ་གར་གྱི་སློབ་དཔོན་དང་དེ་བཞིན་ཕྱི་རྒྱལ་བ་ཁག་ཅིག་སླེབས་ནས། གོ་ལའི་ཁོར་ཡུག་སྲུང་སྐྱོབ་དགོས་པ་དང་ན་གཞོན་ཚོར་རྒྱབ་སྐྱོར་ཡོད་པའི་སྦྱར་ཡིག་ཁྱེར་ནས་སླེབས་འདུག 

དེ་ཡང་སློབ་ཕྲུག་ཁག་ཅིག་གིས་གཏམ་བཤད་བྱས་སོང་བ་དང་། ཁོང་ཚོས་གལ་ཏེ་འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་མ་བྱས་པའི་གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་ཛ་དྲག་དེ་མུ་མཐུད་ཕྱིན་ཚེ། ཁོ་ཚོས་སློབ་སྦྱོང་བྱས་ཀྱང་མ་འོངས་མདུན་ལམ་ཞིག་མེད་པ་དང་། ཁོ་ཚོ་ནར་སོན་སྐབས་འཚོ་བ་སྐྱེལ་ཡུལ་གྱི་གོ་ལ་དེ་མེད་པ་ཆགས་ཉེན་ཡོད་པས། རྒན་པ་ཚོས་ན་གཞོན་རྣམས་ཀྱི་མ་འོངས་པར་བསམ་ཤེས་ཀྱིས་གནམ་གཤིས་འགྱུར་ལྡོག་གི་འཐབ་རྒོལ་ལ་རྒྱབ་སྐྱོར་བྱེད་དགོས། གཞོན་པ་ཚོས་ལས་འགུལ་དེར་མཉམ་ཞུགས་བྱེད་དགོས། དེ་བཞིན་འཛམ་གླིང་གི་སྣེ་གསུམ་པ་བོད་ཀྱི་ཁོར་ཡུག་ལ། རྒྱ་ནག་གཞུང་གིས་འདོད་རྔམ་ཆེན་པོས་གཏེར་ཁ་སྔོག་འདོན་དང་། ཤིང་ནགས་གཅོད་འབྲེག ཆུ་རག་རྒྱག་པ་སོགས་ཀྱི་ལས་དོན་གཞི་རྒྱ་ཆེན་པོ་སྤེལ་བཞིན་པ་དང་བསྟུན། ཁོར་ཡུག་གི་གནས་སྟངས་ཛ་དྲག་ཆགས་ཡོད་པ་མ་ཟད། གལ་ཏེ་དེ་ལྟར་མུ་མཐུད་སོང་ཚེ་བོད་དང་དེ་བཞིན་བོད་ཀྱི་ཆུ་བོར་བརྟེན་བཞིན་པའི་རྒྱལ་ཁབ་གཞན་གྱི་མི་མང་ཐེར་འབུམ་མང་པོར་དཀའ་ངལ་འཕྲད་རྒྱུ་ཡིན་པས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ཡང་གལ་ཆེན་ཆགས་ཡོད་སྐོར་གྱི་གཏམ་བཤད་བྱས་སོང་།

ཁོར་ཡུག་ལས་འགུལ་བ་ཚོས་མཉམ་འབྲེལ་རྒྱལ་ཁབ་དང་རྒྱལ་ཁབ་ཁག་གི་ཆབ་སྲིད་མི་སྣ་ཚོར་གནོན་ཤུགས་དང་ཞུ་གཏུག་ལས་འགུལ་སྤེལ་ཏེ། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཛ་དྲག་གནས་སྟངས་དེར་འཐབ་རྒོལ་བྱེད་དགོས་པ་དང་། དེའི་ཆེད་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་ཁྱབ་ཆེན་སྤེལ་དགོས་པའི་དགོས་འདུན་འདོན་བཞིན་ཡོད་པ་རེད་ལ། མི་མང་ས་ཡ་མང་པོ་ལས་འགུལ་དེར་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད།

ཐེངས་འདིར་བཞུགས་སྒར་དྷ་སར་ལས་འགུལ་གོ་སྒྲིག་བྱེད་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་ཡིན་པ་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་དང་། རྒྱ་གར་གྱི་ཚོགས་པ་(jhatkaa.org) བཅས་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།