བོད་མིར་ཕྱི་བསྐྱོད་ལག་ཁྱེར་སྤྲད་རྒྱུ་རྒྱ་རིགས་དང་བརྒྱ་ཆ་བསྡུར་ན་ཧ་ཅང་ཉུང་ཉུང་རེད།
ཟླ་འདིའི་ཚེས་༨ ཉིན་གྱི་སྔ་དྲོར་རྡོར་གདན་དུས་དབང་སྐབས་ཀྱི་གསར་འགྱུར་མཁོ་གཏོང་ལྟེ་གནས་ཁང་དུ། སྲིད་སྐྱོང་བློ་བཟང་སེང་གེ་དང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་གཉིས་ཀྱིས་བོད་མིའི་སྒྲིག་འཛུགས་ངོས་ནས་དུས་དབང་གོ་སྒྲིག་ཞུས་པ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་པ་རེད།
སྲིད་སྐྱོང་བློ་བཟང་སེང་གེས་དུས་དབང་དེ་འཛམ་གླིང་ཞི་བདེའི་ཆེད་དུ་ཡིན་སྐོར་དང་། རྒྱ་གར་གཞུང་མང་གིས་མཐུན་རྐྱེན་གནང་བར་ཐུགས་རྗེ་ཆེ་ཞུས་སོང་། དེ་བཞིན་སྲིད་སྐྱོང་གིས་བོད་རྒྱའི་བར་གྱི་དཀའ་རྙོག་དང་འབྲེལ་བའི་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་རྒྱལ་ཁབ་ཡིན་པ་དང་། ད་ལྟ་རྒྱ་ནག་གཞུང་གི་དབང་བསྒྱུར་འོག་ཡོད་པས། རྒྱ་ནག་གིས་བོད་ལ་ཆབ་སྲིད་ཀྱི་གནོན་ཤུགས་དང་། རིག་གཞུང་དང་ཁོར་ཡུག་གཏོར་བཤིག དཔལ་འབྱོར་དབྱེ་འབྱེད་བྱེད་ཀྱི་ཡོད་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་གི་རྩ་ཁྲིམས་འོག་ས་གནས་མི་རིགས་རང་སྐྱོང་རྩོད་ཀྱི་ཡོད་སྐོར་དང་། ༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་བར་དབུ་མའི་ལམ་བརྒྱུད་གྲོས་མོལ་ཡོང་ཐབས་བྱེད་ཀྱི་ཡོད་སྐོར་གསུངས་སོང་། དེ་བཞིན་བོད་ནས་རྒྱ་གར་དང་བལ་ཡུལ་དུ་གནས་སྐོར་ལ་ཡོང་མཁན་ཚོར་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་དུས་དབང་ཞུ་མི་ཆོག་པ་དང་། དུས་དབང་སྔོན་ནས་ཕྱིར་ནང་དུ་ལོག་དགོས་པའི་བཀོད་ཁྱབ་བཏང་སྟེ། བོད་ལ་ལོག་དགོས་བྱུང་སྐོར། དེ་བཞིན་རྒྱ་ནག་གཞུང་གིས་བོད་མི་ཚོར་ཕྱི་བསྐྱོད་ལག་ཁྱེར་སྤྲད་རྒྱུ་རྒྱ་རིགས་དང་བརྒྱ་ཆ་བསྡུར་ན་ཧ་ཅང་ཉུང་ཉུང་ཡིན་པ་དང་། ཁག་ཅིག་ལ་སྤྲད་ཡོད་པ་དེ་ཚོར་ཡང་ད་ཐེངས་བོད་ལ་ལོག་དགོས་པའི་ཉེན་བརྡ་བཏང་བ་དེས་རྒྱ་ནག་གི་འོག་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་མེད་པ་གསལ་པོ་མཚོན་གྱི་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
སྤྱིར་བོད་མི་རྒྱ་གར་དང་བལ་ཡུལ་ལ་ཕྱི་བསྐྱོད་ལག་ཁྱེར་རག་མཁན་ཧ་ཅང་ཉུང་ཉུང་ཡིན་པ་དང་། བར་ལམ་ཞིག་ནས་འདས་པའི་དུས་དབང་ཐེངས་གཉིས་གསུམ་ཞིག་ལ་བོད་ནས་དུས་དབང་ཞུ་མཁན་ཅུང་མང་པོ་ཡོང་ཐུབ་ཡོད་ནའང་དུས་དབང་ཞུ་མཁན་ལ་འདྲི་གཅོད་དང་གནོན་ཤུགས་ཀྱང་འདྲ་མིན་སྤྲོད་མྱོང་ཡོད་པ་རེད། ༢༠༡༦ ལོར་རྒྱ་ནག་གཞུང་གིས་བོད་མིར་ཕྱི་བསྐྱོད་ལག་ཁྱེར་སྤྲོད་རྒྱུར་དམ་དྲག་ཆེ་རུ་བཏང་བ་དང་། ཁག་ཅིག་ལ་རག་ནས་བལ་ཡུལ་དང་རྒྱ་གར་དུ་གནས་སྐོར་ལ་ཡོང་ཡོད་མཁན་ཚོར། ༧གོང་ས་མཆོག་གི་དུས་དབང་སྔོན་ནས་ཕྱིར་ལོག་དགོས་པའི་ཉེན་བརྡ་བཏང་སྟེ། མང་པོ་ཞིག་བོད་ལ་ཕྱིར་ལོག་ཡོད་པ་རེད།
འདི་གའི་གསར་འགོད་པས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་བརྒྱུད་རྒྱ་ནག་ལ་བསྟུན་མཁས་དང་འབྲེལ་ལམ་ཡོང་ཐབས་བྱེད་བཞིན་ཡོད་པ་མ་ཟད། ཕན་ཐོགས་ཀྱང་བྱུང་ཡོད་སྐོར་གསུང་གི་ཡོད་རེད། ཡིན་ཡང་དེང་སྐབས་བོད་མིར་ཕྱི་བསྐྱོད་ལག་ཁྱེར་སྤྲད་རྒྱུ་ཉུང་དུ་བཏང་བ་མ་ཟད། བོད་ནས་ཁག་ཅིག་ཡོང་ཐུབ་པ་དེ་ལ་ཡང་དུས་དབང་ཞུ་མ་བཅུག་པ་དེས་བསྟུན་མཁས་ཀྱིས་བོད་རྒྱ་བར་འབྲེལ་ལམ་ཡོང་ཐབས་བྱས་པ་རྒྱ་ནག་གིས་སྣང་མེད་བཏང་བ་ཞིག་རེད་དམ་ཞེས་དྲིས་པར། སྲིད་སྐྱོང་བློ་བཟང་སེང་གེས། “རྒྱལ་ཁབ་ཁག་གི་བྱེད་སྟངས་འདྲ་མིན་རེད། དཔེར་ན་ཨེ་ཟི་རལ་དང་པ་ལི་སི་ཐན་བར་མི་གསོད་ཁྲག་སྦྱོར་ཡོང་གི་ཡོད་པ་རེད་དེ། གཞུང་གཉིས་ཀྱི་སྐུ་ཚབ་བར་བཀའ་མོལ་གནང་གི་ཡོད་པ་རེད། དེ་བཞིན་བྱང་ཨར་ལེན་ཊིའི་ནང་རྙོག་གྲ་ཡོང་གི་ཡོད་ནའང་བཀའ་མོལ་གནང་གི་ཡོད་པ་རེད། རྙོག་གྲ་བྱུང་བ་དང་དམ་དྲག་བྱུང་བ། གནོན་ཤུགས་ཡོད་པ་ཙམ་གྱིས་བཀའ་མོལ་ཡོང་གི་རེད་དང་མ་རེད་ཟེར་བར་བསྡོམས་རྒྱག་ཐུབ་ཀྱི་མ་རེད། ད་ཐེངས་དམ་དྲག་བྱས་པ་རེད་ལ། དེ་ལ་ང་ཚོས་མོས་མཐུན་མེད། ངོ་རྒོལ་ཡོད་ཞུ་དགོས་པ་དེ་བོད་མིའི་སྒྲིག་འཛུགས་ཀྱི་འགན་རེད། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་། སྨྲ་བརྗོད་རང་དབང་། ཆབ་སྲིད་རང་དབང་མེད་པ། ཁོར་ཡུག་གཏོར་བཤིག་སོགས་ག་རེ་ཡོང་གི་ཡོད་པ་དངོས་ཡོད་གནས་ཚུལ་ཞུ་དགོས་པ་ང་ཚོའི་འགན་རེད། དབུ་མའི་ལམ་གཞིར་བཞག་ནས་མིང་དོན་མཚུངས་པའི་རང་སྐྱོང་ཡོང་དགོས་ཀྱི་ཡོད་པས། དེ་ལ་རྒྱ་ནག་གཞུང་གི་སྐུ་ཚབ་དང་༧གོང་ས་མཆོག་གི་སྐུ་ཚབ་བར་བཀའ་མོལ་ཡོང་དགོས་རེད། དེ་ཐབས་ལམ་ཡག་ཤོས་རེད་ཞུ་དགོས་པ་དེ་ཡང་ང་ཚོའི་འགན་རེད་”ཅེས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་རྡོར་གདན་ནས།