བོད་མིས་བོད་མིར་རོགས་སྐྱོར་བྱས་ནས་ནད་པར་སྨན་བཅོས་བྱེད་བཞིན་འདུག

ཉེ་ཆར་རྒྱ་གར་བྱང་ཕྱོགས་ཀུམ་རའོ་གཞིས་ཆགས་ནས་ཡིན་པའི་ཕྲུ་གུ་གཉིས་ཀྱི་ཉམས་ཐག་ཨ་མ་ཞིག་ལ་ན་ཚ་ལྗིད་པོ་ཕོག་ཏེ། ས་ཕྱོགས་གང་སར་ཡོད་པའི་བོད་མི་དང་ཚོགས་པ་མང་པོ་ཞིག་གིས། མོའི་སྨན་བཅོས་ཆེད་ཞལ་འདེབས་ཕུལ་ནས་རོགས་སྐྱོར་བྱེད་བཞིན་འདུག

དེ་ཡང་ཟླ་༦ པའི་ཚེས་༢༠ ཉིན་ཀུམ་རའོ་གཞིས་ཆགས་ནས་ཡིན་པའི་ངག་དབང་བློ་གྲོས་ཀྱིས། ངོ་དེབ་ཐོག་ཏུ་ཀུམ་རའོ་གཞིས་ཆགས་ནས་ཡིན་པའི་ཉམས་ཐག་ཨ་མ་རང་ལོ་༣༤ ཡིན་པའི་ཡེ་ཤེས་ཆོས་སྒྲོན་གྱི་བུ་སྣོད་ལ་འབྲས་ནད་དང་མཁལ་མ་གཉིས་ནང་རྡོ་བསག་ཡོད་འདུག་ལ། ཕྲུ་གུ་གཉིས་ཀྱི་ཨ་མ་ཡིན་ཁར། མོ་རང་གི་ཁྱོ་ག་སྔོན་ནས་གྲོངས་ཏེ། ལས་ཀ་ཡང་དམིགས་བསལ་མེད་འདུག ད་ལྟ་རྒྱ་གར་གྱི་གྲོང་ཁྱེར་ཅན་རྡི་གྷར་དུ་སྨན་བཅོས་བྱེད་བཞིན་ཡོད་ཀྱང་། སྨན་བཅོས་ཀྱི་འགྲོ་སོང་ཧིན་སྒོར་འབུམ་༢ ལྷག་འགྲོ་རྒྱུ་ཡིན་སྐོར་སྨན་པས་བརྗོད་ཡོད་པས། ཁོ་མོར་བོད་མི་ཚོས་རོགས་རམ་གནང་བའི་འབོད་སྐུལ་གྱི་ཁྱབ་བསྒྲགས་ཤིག་སྤེལ་ཡོད་པ་དང་། སྐབས་དེར་བོད་མི་མང་པོ་ཞིག་གིས་ཁྱབ་བསྒྲགས་དེ་ངོ་དེབ་དང་སྐད་འཕྲིན་ཐོག་ཏུ་ཁྱབ་སྤེལ་བྱས་ཡོད་པ་རེད།

གནད་དོན་དེ་དང་འབྲེལ་ནས་རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་དུ་རྟེན་གཞི་བྱས་པའི་བྱང་སེམས་གཞོན་སྐྱེས་ཚོགས་པས། རྒྱུན་དུ་བོད་མི་ཉམས་ཐག་དང་རྒན་རྒོན། ནད་གཅོང་སོགས་ལ་ལྟ་རྟོག་རོམས་རམ་བྱེེད་བཞིན་པ་ལྟར། ཚོགས་པའི་རྒྱུན་ལས་ཁག་ཅིག་ཅན་རྡི་གྷར་དུ་གནས་ཚུལ་དེ་དངོས་ཡོད་ཡིན་མིན་རྩད་གཅོད་ཆེད་ཕྱིན་འདུག འདི་གའི་གསར་འགོད་པས་བྱང་སེམས་གཞོན་སྐྱེས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཆོས་སྐྱབས་ལ་དེའི་སྐོར་གནས་འདྲི་བྱས་པས། ཁོང་གིས་གནས་ཚུལ་དེ་དངོས་ཡོད་ཡིན་པ་དང་། ཚོགས་པའི་ངོས་ནས་ཧིན་སྒོར་ཁྲི་༥ ཞིག་སྨན་བཅོས་ཆེད་སྤྲད་སྐོར་བརྗོད་སོང་། དེ་བཞིན་ཁོང་གིས་བརྗོད་དོན་ལྟར་ན་ཅན་རྡི་གྷར་དུ་བོད་མི་ནད་པ་ཚོར་ལོ་མང་རིང་དང་བླངས་རོགས་སྐྱོར་བྱེད་མཁན་ཨ་ཅག་ཚེ་རིང་སྒྲོལ་དཀར་གྱིས་རོགས་པ་བྱས་ནས། སྨན་བཅོས་ཀྱི་འགྲོ་སོང་ཏོག་ཙམ་ཆག་ཡང་གཏོང་ཐུབ་ཡོད་འདུག དེ་བཞིན་ད་ལྟའི་ཆར་སྨན་ཁང་དུ་སྨན་བཅོས་བྱེད་ཞོར། ཅན་རྡི་གྷར་དུ་ཡོད་པའི་མོའི་གཅུང་མོའི་ཁང་པའི་ནང་བསྡད་ཡོད་འདུག་ལ། ཁང་པ་དེ་ཞན་པོ་ཡོད་པས་བྱང་སེམས་གཞོན་སྐྱེས་ཚོགས་པས་སྨན་བཅོས་བྱེད་པའི་རིང་ཁང་པ་གནས་སྟངས་ཡག་པ་ཞིག་ལ་སྤོས་ན་ཁང་རིན་ཐད་རོགས་པ་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག ཡེ་ཤེས་ཆོས་སྒྲོན་གྱིས་ཁང་པ་དེར་མུ་མཐུད་བསྡད་ན་མི་བདེ་བ་མེད་སྐོར་བརྗོད་ཡོད་འདུག

དེ་ནས་འདི་གའི་གསར་འགོད་པས་ཡེ་ཤེས་ཆོས་སྒྲོན་གྱི་གནས་སྟངས་སྐོར་ཁྱབ་བསྒྲགས་བྱེད་མཁན་ངག་དབང་བློ་གྲོས་ལ་ཁ་པར་བརྒྱུད་གནས་འདྲི་བྱས་པ་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཐོག་མར་མོ་ནད་པ་ཆགས་ནས་ནང་དུ་ཟ་རྒྱུ་མེད་པའི་དཀའ་ངལ་བྱུང་སྐབས། ཀུམ་རའོ་གཞིས་ཆགས་ཀྱི་བོད་མི་ཚོས་ཁ་ལག་སྤྲད་པ་དང་། དེ་བཞིན་སྨན་བཅོས་ཆེད་མི་མང་གིས་ཞལ་འདེབས་བསྡུས་ནས་ཧིན་སྒོར་༢༥,༠༠༠ བྱུང་བ་རྣམས་མོར་སྤྲད་ནས་སྨན་བཅོས་བྱེད་དུ་བཏང་ཡོད་འདུག

རྗེས་སུ་ངོ་དེབ་བརྒྱུད་མོའི་གནས་སྟངས་ཁྱབ་བསྒྲགས་བྱས་པས། ད་བར་ཕྱི་རྒྱལ་ནུབ་ཕྱོགས་དང་རྒྱ་གར། བལ་ཡུལ་སོགས་སུ་གནས་སྡོད་བྱེད་མཁན་བོད་མི་མང་པོ་ཞིག་གིས་ཁོང་དང་ཡེ་ཤེས་ཆོས་སྒྲོན་ལ་འབྲེལ་བ་བྱས་ཏེ། སྨན་བཅོས་ཆེད་ཞལ་འདེབས་སྤྲད་མཁན་ཤིན་ཏུ་མང་པོ་བྱུང་ཡོད་པ་དང་།  མོའི་སྨན་བཅོས་ཀྱི་འགྲོ་སོང་ཆེད་ཞལ་འདེབས་འབུམ་༢ བརྒལ་ཡང། བོད་མི་ཁག་ཅིག་གིས་མོ་ལ་མ་འོངས་པར་བེད་སྤྱོད་བྱེད་ཆེད་ཡིན་སྐོར་བརྗོད་ནས་ཞལ་འདེབས་ཕུལ་མཁན་ཡང་བྱུང་ཡོད་འདུག དེ་བཞིན་སྨན་བཅོས་ཀྱི་འགྲོ་སོང་འབུམ་༢ ཆ་ཚང་སྤྲོད་ཀྱི་ཡིན་སྐོར་བརྗོད་ནས། བལ་ཡུལ་ནས་བོད་མི་ཁག་ཅིག་གིས་མཉམ་རུབ་བྱས་ཏེ་འབུམ་༢ སྤྲད་ཡོད་འདུག་པ་དང་། སུད་སིར་གནས་སྡོད་བྱེད་མཁན་བསོད་ནམས་ཆོས་སྒྲོན་གྱིས་ཀྱང་དེ་ལྟར་སྤྲད་འདུག་པས། ད་བར་ཁྱོན་བསྡོམས་ཧིན་སྒོར་འབུམ་༥ ལྷག་ཞལ་འདེབས་བྱུང་ཡོད་འདུག ཁོང་གིས་བརྗོད་དོན་ལ། སྨན་བཅོས་ལེགས་གྲུབ་བྱུང་རྗེས་ཞལ་འདེབས་ལྷག་མ་རྣམས་མོའི་ནང་གི་གནས་སྟངས་དེ་ཡར་རྒྱས་གཏོང་ཆེད་སྤྲོད་རྒྱུ་ཡིན་སྐོར་བརྗོད་སོང་།

གསར་འགོད་པས་བོད་མི་མང་པོ་ཞིག་གིས་བོད་མི་གནས་སྟངས་སྐྱོ་པོ་དེ་འདྲ་ཞིག་ལ་རོགས་རམ་བྱེད་དུས། ཁྱེད་རང་ལ་ཚོར་བ་གང་འདྲ་བྱུང་ཞེས་དྲིས་པས། ཁོང་གིས་བོད་མི་ཚང་མ་འཛམ་གླིང་གང་སར་ཁྱབ་ནས་བསྡད་ཡོད་ཀྱང་། བོད་མི་ཞིག་ལ་དཀའ་ངལ་འཕྲད་དུས། མང་པོ་ཞིག་གིས་ཆོལ་ཁ་ཆོས་ལུགས་མ་རྩིས་པར། སེམས་ཁུར་ཆེན་པོས་རོགས་པ་བྱེད་དུས། བོད་མི་ཚང་མར་སྤུན་ཟླ་གཅིག་པའི་འདུ་ཤེས་ཡོད་པའི་ཚོར་བ་བྱུང་སྐོར་བརྗོད་བྱུང་། དེ་བཞིན་ཁོང་གིས་ད་ལྟའི་ཆར་ཞལ་འདེབས་ཀྱི་དངུལ་ཆ་ཚང་འབྱོར་རྒྱུ་ཡིན་པས། དེ་དག་ཆ་ཚང་བ་འབྱོར་རྗེས་ངོ་དེབ་སོགས་ཀྱི་ཐོག་ཏུ་རྩིས་ཁྲ་ཚང་མ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་བརྗོད་བྱུང་།

ད་ལྟའི་ཆར་ཡེ་ཤེས་ཆོས་སྒྲོན་གྱི་སྨན་བཅོས་ཡག་པོ་འགྲོ་བཞིན་ཡོད་པ་དང་། འདི་གའི་གསར་འགོད་པས་མོར་ཁ་པར་བརྒྱུད་ནས་བོད་མི་མང་པོ་ཞིག་གིས་ཁྱེད་རང་ལ་རོགས་རམ་དེ་འདྲ་བྱེད་དུས་ཚོར་བ་གང་བྱུང་དང་རོགས་རམ་བྱེད་མཁན་ཚོར་ག་རེ་ཞུ་རྒྱུ་ཡོད་ཅེས་དྲིས་པས། མོས་རོགས་རམ་དེ་འདྲ་བྱེད་དུས་སེམས་ཤིན་ཏུ་སྐྱིད་པོ་བྱུང་བ་དང་། ཞལ་འདེབས་སྤྲད་མཁན་ཚང་མར་སེམས་གཏིང་ནས་ཐུགས་རྗེ་ཞུ་རྒྱུ་ཡིན་ཞེས་ལན་འདེབས་བྱས་བྱུང་།

ཉེ་བའི་ཆར་ནས་བོད་མི་ནད་པ་ཉམས་ཐག་ཁག་གི་གནས་སྟངས་སྐོར་ངོ་དེབ་དང་སྐད་འཕྲིན་སོགས་བརྒྱུད་ཁྱབ་བསྒྲགས་བྱེད་མཁན་མང་དུ་འགྲོ་བཞིན་པ་དང་བསྟུན། བོད་མིས་བོད་མིར་རོགས་པ་བྱེད་མཁན་ཡང་མང་དུ་འགྲོ་བཞིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།