བོད་ཡིག་དགེ་རྒན་ཚོ། གསུང་ཆོས་མ་གནང་རོགས།
བེ་རི་རྒྱལ་སྲས། དགེ་འོས་མཐོ་སློབ།
དེང་སང་ཁ་ཐོགས་ཚད་ཀྱི་བཙན་བྱོལ་བོད་མའི་བོད་ཡིག་གི་གནས་བབ་ཞན་དུ་འགྲོ་བའི་ཐད་སེམས་འཚབ་དང་བསམ་ཚུལ་འདྲ་མིན་གླེང་བཞིན་པའི་སྐབས་འདིར། ད་ལྟའི་བོད་ཡིག་དགེ་རྒན་ཚོ་ལ་ལག་ཟུང་ཐལ་མོ་སྦྱར་ནས་གསོལ་འདེབས་གཅིག་རང་ཞུ་རྒྱུ་ཡོད་པ་དེ་ནི། བཀུར་འོས་བོད་ཡིག་དགེ་རྒན་ཚོ། ཁྱེད་རྣམ་པས་འཛིན་གྲྭའི་ནང་གསུང་ཆོས་མ་གནང་རོགས། ཞུ་རྒྱུ་དེ་ཡིན།
བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཟུར་ཕལ་མོ་ཆེས་ཁ་གཅིག་གྲགས་ཀྱིས་སློབ་དགེ་ཚང་མའི་ནང་ནས་ཉོབ་ཤོས་ནི་བོད་དགེ་དང་། དེའི་རྐྱེན་གྱིས་སློབ་ཚན་ཚང་མའི་ནང་ནས་ཉོབ་ཤོས་ནི་བོད་ཡིག་རྩི་བའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་ནམ། ཁོ་བོས་བལྟས་ན། དེ་ནི་སློབ་དགེ་རྣམ་པ་དང་འབྲེལ་བ་ཆེ་སྙམ་སྟེ། སློབ་ཕྲུག་རེ་གཉིས་བོད་ཡིག་གི་ཐོག་ལྟ་སྟངས་ཞན་པོ་ཡོད་ཚེ། སློབ་ཕྲུག་ག་གེ་མོའི་ནོར་འཁྲུལ་ཡིན་དུ་ཆུག་ཀྱང་། སློབ་ཕྲུག་ཕལ་མོ་ཆེའི་གྲུབ་འབྲས་’’བཟོ་གྲྭ་གཅིག་ནས་བཏོན་པ་’’ལྟར་འགྱུར་དུས་དེ་ནི་སློབ་དགེ་དང་འབྲེལ་བ་མེད་ཅེས་ནམ་ཡང་ཤོད་མི་ཐུབ་པར་གྱུར་ཡོད།
དེས་ན། ཁོ་བོས་ད་བར་དོ་སྣང་བྱུང་བར་གཞིགས་ན། ཨིན་དགེས་འཛིན་གྲྭའི་ནང་ལངས་ནས་སློབ་ཁྲིད་གནང་དུས། བོད་དགེ་རྐུབ་སྟེགས་སྟེང་བསྡད་ནས་འཁྲིད་བཞིན་ཡོད། ཨིན་དགེས་ནག་པང་རི་མོ་དང་མིང་ཚིག་གིས་བཀང་དུས་བོད་དགེས་ནག་པང་སྟོང་པར་བཞག་ཡོད། ཨིན་དགེས་ཉིན་རེའི་མི་ཚེ་དང་སྦྱར་ནས་དཔེར་བརྗོད་གསར་པ་མང་དུ་འབྲི་དུས། བོད་དགེས་སློབ་དེབ་ནང་ཡོད་པའི་དཔེར་བརྗོད་རྣམས་བཤུ་བཞིན་ཡོད། ཨིན་དགེས་རྩེད་མོའི་ལམ་ནས་དག་ཆ་འཁྲིད་དུས་བོད་དགེས་དབྱུག་པ་ཞིག་བཟུང་ནས་རྩ་བ་བློ་འཇུག་ལེན་བཞིན་ཡོད། ཨིན་དགེས་སྒྲུང་ཐུང་འདྲ་མིན་བསླབས་ནས་སྐད་ཡིག་ལ་དོ་སྣང་བསྐྲུན་དུས། བོད་དགེས་མིག་བཙུམ་ནས་ཆོས་འཆད་བཞིན་ཡོད། ཨིན་དགེས་སློབ་ཕྲུག་ལ་རྩོམ་ཐུང་དང་སྙན་ཐུང་འདྲ་མིན་འབྲི་རུ་འཇུག་དུས་བོད་དགེས་”རྟག་ཞི་བ་” སུ་ཡིན་མིན་རྩོད་རྒྱག་བཞིན་ཡོད། ཨིན་དགེས་སློབ་ཚན་དང་འབྲེལ་བའི་གཏམ་བརྗོད་འཁྲབ་ཏུ་བཅུག་ནས་སྐད་ཡིག་གི་གནས་ཚད་གོང་མཐོར་གཏོང་དུས། བོད་དགེས་བརྡ་སྤྲོད་ཀྱི་གྲངས་འདྲེན་བློ་འཇུག་ལེན་བཞིན་ཡོད། ཨིན་དགེས་སློབ་མ་ལ་ཉིན་ཐོ་འབྲིར་འཇུག་དུས། བོད་དགེས་བོད་ཡིག་གི་དྲི་བ་དྲིས་ལན་བློ་ལ་འཛིན་དུ་འཇུག་བཞིན་ཡོད། ཨིན་དགེའི་འཛིན་གྲྭ་རྒོད་སྒྲ་ཡིས་ཁེངས་དུས་བོད་དགེའི་འཛིན་གྲྭ་གཉོད་ཙོག་གིས་བརྒྱངས་ཡོད། ཨིན་དགེས་ཉིན་ལྟར་སློབ་མའི་འབྲི་དེབ་ཞུ་དག་བྱེད་དུས། བོད་དགེས་སློབ་མ་རྣམས་ལ་བོད་ཡིག་འབྲི་དེབ་ཡོད་མེད་ཀྱང་ཤེས་ཀྱི་མེད། ཨིན་དགེས་སྐར་མ་༥༠ ལས་༣༠ ཙམ་སློབ་ཕྲུག་ལ་བྱེད་དུ་འཇུག་དུས། བོད་དགེས་ལྷག་བསམ་ཆེན་པོས་སྐར་མ་ ༥༥ ལྷག་རང་ཉིད་རྐྱང་པས་འཆད་བཞིན་ཡོད། ཨིན་དགེས་སློབ་མ་རྣམས་ཉོབ་སོང་ན་སྒྲུང་གཏམ་ཐུང་ངུ་རེ་བཤད་ནས་སློབ་ཚན་འཁྲིད་དུས། བོད་དགེས་གདོང་ནག་པོ་བསྟན་ནས་ཚོགས་གཏམ་སྤྲོད་བཞིན་ཡོད། ཨིན་དགེས་ཨིན་ཡིག་གི་ཁེ་ཕན་གླེང་ནས་སྤྲོ་སྣང་སྤེལ་དུས། བོད་དགེས་སློབ་ཕྲུག་རྣམས་བོད་ཡིག་སྐྱོ་རབས་དང་སྡུག་རབས་གླེང་ནས་སློབ་མའི་སེམས་ཤུགས་གཅོག་བཞིན་ཡོད།
མདོར་ན། ང་ཚོ་བཙན་བྱོལ་བའི་བོད་ཕྲུག་རྣམས་བོད་ཡིག་ལ་ཞེ་གཏིང་ནས་མི་འདོད་པ་ཞིག་མིན་པར་སློབ་གྲྭའི་གནས་སྐབས་སུ་སློབ་དགེའི་བྱེད་བབ་དང་འབྲེལ་ནས་བོད་ཡིག་ལ་དགའ་ཞེན་ཆུང་དུ་སོང་བ་ནི། རང་གི་ཉེ་འཁོར་དུ་ཡོད་པའི་སློབ་ཕྲུག་རྣམས་ལ་སྤྱི་བཏང་གི་ཚུལ་དུ་སྐད་ཆ་རེ་དྲིས་ན། གནས་བབ་ངོ་མ་དེ་རང་བཞིན་གྱིས་ཤེས་འོངས། དེས་ན། ང་ཚོས་ཅི་ཞིག་བྱེད་དགོས་ཤེ་ན། གལ་ཏེ་ཁྱེད་ཉིད་སློབ་མ་ཞིག་ཡིན་ན། རང་ཉིད་ཀྱི་བོད་དགེ་ཡར་བཞེངས་ནས་འཁྲིད་ཀྱི་འདུག་གམ་མི་འདུག དཔེར་བརྗོད་གསར་པ་འཇོག་གི་འདུག་གམ་མི་འདུག འབྲི་དེབ་ལ་ཞུ་དག་གནང་གི་འདུག་གམ་མི་འདུག་སོགས་ལ་ཞིབ་འཇུག་བྱེད་དགོས་ལ། འབྲེལ་ཡོད་འགན་འཛིན་ཞིག་ཡིན་ན་བོད་དགེའི་གནང་ཕྱོགས་ལ་བསྐྱར་ཞིབ་གནང་དགོས། རང་ཉིད་བོད་དགེ་ཞིག་ཡིན་ན་ངེས་པར་དུ་རང་ཉིད་ཀྱི་སློབ་འཁྲིད་ཀྱི་ཐབས་ལམ་ལ་དགེ་སྐྱོན་གང་ཞིག་ཡོད་མེད་ཞིབ་ལྟ་གནང་དགོས། མ་མཐའ་ཡང་། ཁྱེད་ཀྱི་འཛིན་གྲྭའི་ནང་གསུང་ཆོས་གནང་མཚམས་བཞག་ནས་བོད་ཕྲུག་གི་”འབྲི་ཀློག་ཉན་བཤད་”ཀྱི་ནུས་པ་གོང་མཐོར་གཏོང་བའི་ཐབས་ལ་འབད་དགོས།
འདི་དག་ནི་ཁོ་བོས་བོད་དགེ་རྣམ་པར་སྐྱོན་འཛུགས་མིན་པར་རང་ཉིད་ཀྱང་བོད་དགེ་ཞིག་ཡིན་པ་དང་། རང་ཉིད་ཀྱིས་ཀྱང་ལམ་ཁ་དེ་བརྒྱུད་དེ་འོངས་ཤིང་། དེའི་སྐྱོན་ཆ་རྣམས་གསལ་བར་ཤེས་པའི་དབང་གིས། ང་ཚོ་བོད་དགེ་རྣམས་ཀྱིས་གནད་དོན་དེ་དག་གི་ཐོག་བསྐྱར་བཅོས་བྱས་ན། ད་གཟོད་ང་ཚོའི་དྭངས་གཙང་ལྷད་མེད་ཀྱི་བོད་ཕྲུག་རྣམས་བོད་ཡིག་ལ་དགའ་ཞེན་ཡོང་བར་ངེས་པས་སོ།། མཇུག་ཏུ་རྩོམ་ཡིག་འདི་བཀླགས་རྗེས་ཁྱེད་ཀྱི་ཐུགས་ལ་ཕོག་པར་གྱུར་ན། ཁྱེད་ཉིད་ནི་ངའི་རྩོམ་ཡིག་འདིའི་དམིགས་བྱ་གཙོ་བོ་ཡིན་པས། ཁྱེད་ཀྱིས་ངེས་པར་འགྱུར་བཅོས་གཏོང་བའི་དུས་ལ་བབས་སོ།། ༢༠༡༦། ཟླ་བ། ༡༡། ཚེས། ༡༨ ཉིན།