བོད་ཡིག་དང་ཐའི་ཡིག་གཉིས་ལ་འབྲེལ་བ་ཨེ་ཡོད། 

ད་ལྟ་གྲོགས་པོ་ཞིག་ཐའི་ཡུལ་(Thailand 泰国)དུ་སྤྲོ་འཆམ་ལ་འགྲོ་བཞིན་པའི་སྒང་ཡིན་པ་དང་། ཁོས་ཟིན་ཐོ་ཞིག་དང་མཉམ་དུ་ཡུལ་དེ་གའི་དཔར་འགའ་ཡང་དྲྭ་ཐོག་ཏུ་བཞག་འདུག དཔར་བྱེ་བྲག་པ་ཞིག་གིས་ཁྱོད་ལ་དོ་སྣང་འདྲེན་ཡོང་ལ། བསམ་བློ་གསར་པ་ཞིག་འཁོར་བའི་དམིགས་བསལ་གྱི་རྒྱུ་ཆ་མཁོ་སྤྲོད་བྱེད་སྲིད། དཔར་དེ་ནི་གང་ཞིག་གི་མིང་བརྡ་གསལ་བའི་ཐའི་ཡིག་དང་དབྱིན་ཡིག་ཤན་སྦྱར་གྱི་མིང་བྱང་ཞིག་རེད། གཙོ་བོ་དཔར་ལ་བལྟས་ནས་བརྗོད་གཞི་འདིར་བསམ་གཞིགས་བྱེད་དགོས།

རྣམ་རྒྱུན་སོ་སོས་མཐོང་བའི་ཐའི་ཡིག་ཡིག་གཟུགས་རྣམས་ཆུང་ཆུང་ཡིན་སྟབས་དེ་དག་གི་དབྱིབས་དང་ཡང་ན་བཟོ་ལྟར་དེ་ཙམ་གྱི་དོ་སྣང་མ་བྱས། དཔར་རིས་ནང་གི་ཡིག་ཆེན་འདི་ཚོར་ཞིབ་ཀྱིས་བལྟས་ན། དབྱིན་སྐད་དུ་ Bamiyanguha ཅེས་བྲིས་པའི་ཐའི་ཡིག་ནི་བོད་ཡིག་དང་ཧིན་དི་གཉིས་གཅིག་ཏུ་འདྲེས་པའི་ཡིག་རིགས་ཤིག་ཡིན་པ་ཧ་ཅང་འདྲ་པོ་འདུག དཔེར་ན་དཔར་རིས་ཀྱི་ནང་དུ་གསལ་བ་བཞིན། Ba (བ) Mi (མ) Ya (ཡ) N (न) Gu (ग) Ha (ཧ) མིང་ཚིག་འདི་ཡི་ནང་དུ་བོད་ཡིག་དང་འདྲ་བའམ། བོད་ཡིག་བཞི་ཡོད་པ་དང་། ཧིན་དི་དང་འདྲ་བའམ་ཧིན་དི་གསུམ། Mi ནི་བོད་ཡིག་དང་ཧིན་གཉིས་ཀར་འདྲ་བའི་ཡི་གེ་ཞིག་ཅི་ནས་ཀྱང་རེད་འདུག ད་དུང་གི་གུ་དང་འདྲའམ་དེའི་སྒྲ་ཇི་བཞིན་འབྱིན་པར་ནུས་པའི་དབྱངས་ཡིག་ཡོད་པ་སོགས་རིག་པས་དཔྱད་པའི་རིན་ཐང་ལྡན་པ་ཞིག་ནི་ཏན་ཏན་རེད་འདུག

རང་རེའི་བོད་ཡིག་འདི་ཐོན་མིས་གསར་གཏོད་མཛད་པའམ། གསར་བཅོས་གནང་བ་གཉིས་བར་གྱི་ཐག་མ་ཆོད་པའི་རྩོད་རྙོག་རིང་པོ་འདིའི་དཀའ་གནད་སེལ་བའི་ལྡེ་མིག་དེ་ཐའི་ཡིག་གི་ལག་ཏུ་ཡོད་མི་སྲིད་པ་མ་རེད། ཡང་མིན་ན་ཐའི་ཡིག་དེ་འབྲུག་ཡིག་དང་འདྲ་བར་བོད་ཡིག་ཨ་མར་གྱུར་པའི་བོད་ནས་ཐད་ཀར་དར་ཞིང་རྒྱས་པའི་ཡི་གེ་ཞིག་མ་ཡིན་པའི་ངེས་པ་ཡང་མི་འདུག དེ་མིན་ན་བོད་ཡིག་འདི་རྒྱ་གར་ནས་མ་ཡིན་པར་ཐའི་ཡུལ་ནས་དར་ཡོང་བའི་ཡི་གེ་ཞིག་ཀྱང་ཡིན་སྲིད། གང་ལྟར་བོད་ཀྱི་ལོ་རྒྱུས་སྨྲ་བ་དང་བོད་ཡིག་གི་བྱུང་རིམ་ལ་ཐུགས་སྣང་ཡོད་པ་ཚོས་ཐའེ་ཡིག་དང་དེའི་བྱུང་རིམ་དང་ལོ་རྒྱུས་ལ་སློབ་སྦྱོང་གནང་དགོས་པ་གལ་ཆེ་དོན་ཆེན་ཞིག་རེད་འདུག་བསམ།

ང་ཚོའི་བོད་ཡིག་གི་ཤུགས་རྐྱེན་དེ་འབྲུག་ཙམ་མ་ཟད། ད་དུང་ཐའི་ཡུལ་དང་། འབར་མ། དེ་བཞིན་དེ་དག་གི་ཁྱིམ་མཚེས་རྒྱལ་ཁབ་ཆུང་ཆུང་ཁག་ཏུ་སླེབས་ཡོད་སྲིད་པ་དང་། ཡང་ན་ལུང་པ་དེ་དག་གི་ཡི་གེའི་ཤུགས་རྐྱེན་བོད་ལ་སླེབས་པ་སོགས། མདོར་ན་ང་ཚོས་བོད་ཡིག་གི་རྒྱ་ཁྱོན་དང་ཁྱབ་ཚད་ཤེས་དགོས་ན་ལུང་པ་དེ་དག་དང་མི་རིགས་དེ་དག་གི་སྐད་ཡིག་དང་ལོ་རྒྱུས་ལ་ངེས་པར་དུ་རྒྱུས་ལོན་བྱེད་དགོས་པ་ཧ་ཅང་གནད་འགག་ཅན་ཞིག་ཏུ་སྣང་།།
མི་ཉག་ཀུན་དགའ་བཀྲ་ཤིས་ཀྱིས་སྤྱི་ལོ་༢༠༡༧ ཟླ་༠༧ ཚེས་༡༣ ལ་བྲིས།།