བོད་ཡིག་འཚོལ་ཞིབ་མ་ལག་གསར་པ་འགྲེམས་སྤེལ་བྱེད་འཆར།
དྲ་རྒྱའི་སྟེང་བོད་ཡིག་གི་དྲ་རྒྱ་དང་བོད་ཡིག་བེད་སྤྱོད་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པས། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་ཟེར་བ་ཞིག་ལོ་འདིའི་ལོ་དཀྱིལ་དུ་འགྲེམས་སྤེལ་བྱ་རྒྱུ་ཡིན་འདུག
དེ་ཡང་ཟླ་འདིའི་ཚེས་༡༠ ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ནི་ཕྱི་ལོ་༢༠༡༣ ལོའི་ཟླ་༤ པ་ནས་མདོ་སྨད་མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་མཚོ་ལྷོ་ཁུལ་དུ། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་འགན་ཁུར་ནས། ནུབ་བྱང་མི་རིགས་སློབ་ཆེན་དང་པེ་ཅིང་ཞཱན་ཏཱན་ཀུང་ཟི་བཅས་ནས་ལས་མི་༡༥༠ ཡིས་མཉམ་ལས་བྱེད་བཞིན་པའི་ལས་གཞི་ཞིག་ཡིན་འདུག་པ་དང། འཚོལ་བཤེར་མ་ལག་འདིའི་ནང་གསར་འགྱུར་དང་། དྲ་ངོས། པར་རིས། བརྙན་རིས་སོགས་འཚོལ་བཤེར་བྱེད་པའི་ཆ་རྐྱེན། དེ་མིན་ཡིག་ཚང་དང་རིག་མཛོད། དྲི་བ་དྲིས་ལན་བཅས་ཀྱི་སྡེ་ཚན་ཡང་ཡོད་པ་ཡིན་འདུག
འཚོལ་ཞིབ་མ་ལག་དེ་ལེགས་གྲུབ་ཟིན་རྗེས། རྒྱལ་ཁབ་ཕྱི་ནང་གཉིས་སུ་བེད་སྤྱོད་བྱེད་མཁན་ས་ཡ་གཅིག་དང་འབུམ་གཉིས་ལྷག་ལ་སླེབས་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག
བཙན་བྱོལ་ནང་དུ་ཡོད་པའི་བོད་མི་མང་པོས་བོད་ཡིག་ཐོག་འཚོལ་ཞིབ་བྱེད་པར། རྒྱལ་སྤྱིའི་ཐོག་གྲགས་ཆེ་བའི་འཚོལ་ཞིབ་མ་ལག་གྷུ་གྷལ་(Google)བེད་སྤྱོད་བྱེད་ཀྱི་ཡོད་ཀྱང། རྒྱ་ནག་ནང་འཚོལ་ཞིབ་མ་ལག་དེ་ཉིད་རྒྱ་གཞུང་གི་དོ་དམ་འོག་བེད་སྤྱོད་བྱེད་ཐུབ་ཀྱི་ཡོད་དེ། ཕྱི་ལོ་༢༠༡༢ ཙམ་ནས་འཚོལ་ཞིབ་མ་ལག་དེ་ཆ་ཚང་བཀག་བསྡོམ་བྱས་པ་རེད། ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་འཚོལ་ཞིབ་མ་ལག་དེ་ལ་རྒྱ་གཞུང་གིས་དོ་དམ་ཞིབ་བཤེར་ཇི་ཙམ་བྱས་ཡོད་མེད་ད་ལྟ་ཤེས་ཐབས་བྲལ་བ་རེད།
ཕྱི་ལོ་༢༠༡༠ ལོར་རྒྱ་ནག་ནང་ངོ་དེབ་དང་ནེའུ་ཡོག་དུས་བབ་ཀྱི་དྲ་རྒྱ་སོགས། སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་དང་གསར་འགྱུར་བརྒྱུད་ལམ་གྱི་དྲ་རྒྱ། འཚོལ་ཞིབ་མ་ལག་སོགས་དྲ་རྒྱ་ས་ཡ་༡.༣ བཀག་སྡོམ་བྱས་ཡོད་འདུག་པ་དང། ད་ལྟའི་ཆར་ཁྱབ་ཆེ་བའི་དྲ་རྒྱ་མང་དག་ཞིག་མུ་མཐུད་བཀག་སྡོམ་འོག་གནས་ཡོད་པ་རེད།
གསར་འགོད་པ་སྐལ་བཟང་དོན་གྲུབ།