བོད་རང་བཙན་གྱི་ཁྲིམས་འཆར་གསར་པ།

 

ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་གིས་ཨ་རིས་བོད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལས་ཡོངས་སུ་ཐ་དད་ཡིན་པའི་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་དགོས་པའི་ཁྲིམས་འཆར་གསར་པ་ཞིག་བཏོན་འདུག 

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཀོཌ་པེ་རི་(Scott Perry)ཡིས་གྲོས་ཚོགས་འོག་མའི་ནང་ཁྲིམས་འཆར་ H.R. 6948 ཞེས་པ་ཞིག་བཏོན་པའི་ནང་།  ཨ་རིའི་སྲིད་འཛིན་གྱིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཚབ་ཏུ་བོད་རང་བཙན་གྱི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གནང་དགོས་པ་འཁོད་འདུག

ད་ཐེངས་ཀྱི་ཁྲིམས་འཆར་གསར་པ་དེ་ཕྱི་ལོ་༢༠༢༠ཟླ་༥ཚེས་༡༩ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་འདོན་སྤེལ་གནང་བ་དང་།  ད་ལྟའི་ཆར་“སྲིད་འཛིན་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ཏུ་ཡོད་པའི་བོད་རང་སྐྱོང་ལྗོངས་རྒྱ་ནག་ལས་ཐ་དད་ཀྱི་རང་བཙན་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་ཆོག་པའི་དབང་ཚད་སྤྲོད་པ་དང་།དགོས་དོན་གཞན་རྣམས་ཀྱི་ཆེད་”ཅེས་པ་ལས་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་བྱས་མི་འདུག

སྐུ་ཞབས་ཁོང་དེ་སྔོན་ཕྱི་ལོ་༢༠༡༩ཟླ་༥ནང་གྲོས་ཚོགས་ཀྱི་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པས་ཆེད་འཛུགས་ཚོགས་ཆུང་བརྒྱུད་སྲིད་འཛིན་ཊོམ་ལ་ཞུ་སྙན་འབུལ་མཁན་གྱི་གྲོས་ཚོགས་ཀྱི་འཐུས་མི་༣༢ཁྲོད་དུ་ཡོད་ཅིང་།ཁོང་ཚོས་ཕུལ་བའི་ཞུ་སྙན་དེའི་ནང་དུ་ཊོམ་གཞུང་ནས་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་ཆབ་སྲིད་ཚོགས་པ་ཐུན་མོང་གིས་༢༠༠༢ལོའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་དང་།  བོད་ནང་ཕར་འགྲོ་ཚུར་འོང་གི་ཐོབ་ཐང་འདྲ་མཉམ་དགོས་པའི་གྲོས་ཆོད་ཁྲིམས་སུ་གཏན་འབེབས་ཟིན་པ་དེ་དག་སྲིད་འཛིན་ནས་ལག་བསྟར་གནང་དགོས་པ་མ་ཟད།ལྷག་པར་ཁྲིམས་ཡིག་དེ་དག་ནང་གི་འབྲུ་དོན་གལ་ཆེ་བ་རྣམས་ངེས་པར་ལག་བསྟར་དགོས་པའི་སྐུལ་འདེད་གནང་ཡོད།།

གསར་འགོད་པ་དཀོན་མཆོག་རབ་བརྟན།