བོད་རང་བཙན་གྱི་ཉིན་མོ་གླེང་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༣༤  ཕྱི་ལོ་ ༢༠༡༧/༢/༡༥

ད་ལྟའི་ཆར་བོད་རང་བཙན་གྱི་ཉིན་མོ་ཞེས་ཕྱི་ཟླ་༢ ཚེས་༡༣ ཉིན་སྲུང་རྩི་བྱེད་བཞིན་པ་དེ་ནི། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་རྒྱ་གར་ལ་ཉེན་ཡོལ་དུ་ཕེབས་ནས་ཕྱིར་བོད་དུ་ཕེབས་སྐབས། བོད་ཆུ་གླང་ཟླ་དང་པོའི་ཚེས་བརྒྱད་དང་ཕྱི་ལོ་༡༩༡༣ ལོའི་ཟླ་༢ ཚེས་༡༣ ཉིན་བོད་འདི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་གསལ་བསྒྲགས་གནང་བའི་ཉིན་མོ་དེ་བཙན་བྱོལ་བོད་པའི་ཚོགས་སྡེ་ཁག་ཅིག་དང་། བོད་རང་བཙན་སླར་གསོའི་ལངས་ཕྱོགས་འཛིན་མཁན་ཁག་ཅིག་གིས་ཕྱི་ལོ་༢༠༡༣ ལོ་ནས་བཟུང་ལོ་ལྟར་སྲུང་རྩི་བྱེད་བཞིན་པ་རེད། ད་ལྟའི་ཆར་མི་ཁ་ཤས་ཀྱིས་དེ་ལ་“བོད་རང་བཙན་གསལ་བསྒྲགས་བཏགས་པར་ཁུངས་གང་ཡང་ཡོད་པ་མ་རེད།”ཅེས་འུར་རྒྱག་ཁུལ་ཡང་། དོན་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས། བོད་མི་ཡོངས་རྫོགས་ཀྱིས་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་སྤེལ་བའི་རྩ་ཚིག་དེ་ལ་རང་བཙན་གསལ་བསྒྲགས་ཞེས་ངོས་འཛིན་གཅིག་གྱུར་བྱེད་བཞིན་པ་རེད་ཅེས་བརྗོད་ཀྱང་མི་ཆོག་པ་གང་ཡང་མེད།

༧རྒྱལ་དབང་དོན་གྱི་བདག་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་གང་ཉིད་ཀྱིས་མཛད་པའི་མཛད་རྣམ་<<ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་།>>(ལག་བྲིས་པར་མ་)ཤོག་གྲངས་༨༢ པའི་ནང་དུ་“༡༩༡༢ ནས་༡༩༥༠ ལོར་རྒྱ་དམར་གྱིས་བོད་ནང་བཙན་འཛུལ་མ་བྱས་པར་རྒྱ་མི་དང་། གཞན་སུར་ཡང་བོད་ནང་དབང་ཆ་ཕྲ་མོ་ཙམ་ཡང་མེད། རྒྱ་མིའི་དཔུང་དམག་མཐར་སྐྲོད་སྐབས་ཏཱ་ལའི་བླ་མ་རྒྱ་གར་ནས་ཕྱིར་ཕེབས་ཀྱིས་‘བོད་འདི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་གསལ་བསྒྲགས་’གནང་ཞིང་། ཡིག་ཆ་དེ་ལ་སྔར་རྒྱ་ནག་དང་མཆོད་ཡོན་འབྲེལ་བའི་སྐབས་སུ་གོང་མས་ཕུལ་བའི་གསེར་ཐམ་ཆེན་མོ་ཕབ།”ཅེས་གསུངས་པ་བཞིན། དེ་ལ་བློ་ལྡན་ཞིབ་འཇུག་པ་ཞིག་ཡིན་མི་དགོས་པར་ལོ་རྒྱུས་ལ་དོ་སྣང་ཡོད་ཙམ་གྱིས་ཀྱང་རྟོགས་ཐུབ་པ་ཞིག་ལས་གླན་ཀ་གང་ཡང་མེད། གལ་སྲིད་དེ་ལ་གླན་ཀ་དང་སྐྱོན་བརྗོད་ཀྱི་བསམ་བློ་གཞིར་བཟུང་ནས་བཤད་ན་སྐད་གྲགས་ཆེ་བའི་མཛད་རྣམ་<<ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་>>ནི་སྲིད་དོན་རྒྱལ་རབས་ལས་ཀྱང་སྔ་བ་ཕྱི་ལོ་༡༩༦༢ ལོར་པར་སྐྲུན་ཞུས་པ་ཞིག་རེད།

ད་ལྟའི་དུས་འདིར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་བོད་རང་བཙན་བསྐྱར་ནན་གྱིས་གསལ་བསྒྲགས་གནང་བ་སོགས་ནི། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་ལ་ཐུགས་སྣང་བྱུང་བའི་ཐོག་ནས་གནང་བས་འཛམ་གླིང་མི་མང་གི་མདུན་དུ་བོད་ཀྱི་ལོ་རྒྱུས་འདི་དག་གལ་ཆེན་པོ་ཡིན་ལ། དེའི་སྔོན་དུ་བོད་པས་ཕྱི་ཕྱོགས་ལ་སྒོ་མོ་བརྒྱབ་ནས་གཞུང་གིས་མི་མང་ལ་གནང་བའི་བཀའ་ཡིག་ཁག་ཏུའང་“ཉི་འོག་གི་སྐྱེ་རྒུ་ཡོངས་ལ་ཟློ་བ་”ཞེས་སྣང་བ་དག་ནས་བསྡད་ཡོད་པས། འཛམ་གླིང་གི་ཆབ་སྲིད་དང་འགྱུར་འགྲོས་གང་ཡང་མི་ཤེས་པ་ལྟ་བུར་གྱུར་ཡོད། བོད་པ་རང་ངོས་ནས་བོད་ཆོས་ལྡན་རྒྱལ་ཁབ་ཅེས་ཁ་ཞེ་གཉིས་མེད་ཀྱིས་བརྗོད་བཞིན་ནའང་། བྱེད་སྟངས་ཁ་ཤས་ཐོག་ཕྱི་ནས་ངོས་འཛིན་དེ་ལྟར་བྱེད་དགོས་ནའང་ཅུང་དཀའ་བ་ལྟ་བུ་རེ་ཟུང་མཐོང་རྒྱུ་ཡོད། དེར་བརྟེན་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་སོག་པོ་དང་རྒྱ་ནག རྒྱ་གར་བཅས་སུ་ཕེབས་ནས་ཡུལ་ལུང་དེ་དག་གི་གནས་སྟངས་དང་། འཛམ་གླིང་གི་འགྱུར་འགྲོས་གཟིགས་ནས་གསལ་བསྒྲགས་གནང་བ་ཞིག་ཏུ་གྱུར་ཡོད།

བོད་ཀྱི་བྱུང་རིམ་ལོ་རྒྱུས་ཐོག་ནས་བོད་རང་བཙན་མ་ཡིན་པ་བོད་པས་བསྒྲུབ་མི་དགོས་པར། རྒྱ་དམར་དྲག་གཞུང་གིས་འབད་བརྩོན་ཆེན་པོ་བྱེད་བཞིན་ཡོད། གལ་སྲིད་བོད་ཀྱི་ལོ་རྒྱུས་ཐོག་ནས་བོད་རང་བཙན་གྱི་གནས་བབས་ཤིག་བཙན་པོ་རིམ་བྱོན་གྱི་རྗེས་ནས་བྱུང་མྱོང་མེད་ན། རྒྱ་དམར་གཞུང་གིས་༧གོང་ས་མཆོག་ལ་བོད་རྒྱ་གྲོས་མོལ་ཆེད་བཏོན་པའི་སྔོན་འགྲོའི་ཆ་རྐྱེན་གཉིས་ཀྱི་ཡ་གྱལ་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ཁོངས་ཡིན་པ་ཁས་ལེན་དགོས་ཞེས་བརྗོད་པ་དེ། ༧གོང་ས་མཆོག་གིས་ལས་སླ་པོའི་ཐོག་ནས་ཞལ་བཞེས་གནང་ཆོག་པ་ཞིག་རེད་དེ། ལོ་རྒྱུས་ཀྱི་གནས་བབས་ནི་ལོ་རྒྱུས་རང་རེད། དེ་ལ་བཟོ་བཅོས་བྱེད་ཐུབ་ཐབས་མེད་ཅེས་ཡང་ཡང་གསུངས་ནས་ཞལ་བཞེས་མི་གནང་བ་དེ་ཡང་གནད་དོན་འདི་དག་ལ་ཐུག་ཡོད། མ་འོངས་པར་བོད་མི་རིགས་ཀྱི་ཆབ་སྲིད་གནས་བབས་ག་འདྲ་ཞིག་དགོས་མིན་༧གོང་ས་མཆོག་གིས་ཞལ་གསལ་པོ་གསུངས་ཟིན་པ་ལྟར་ཁ་ཕྱོགས་གང་དུ་བསྒྱུར་ཡང་ཆོག་པ་ཞིག་རེད་དེ། ལོ་རྒྱུས་ཀྱི་གནད་དོན་ནི་བྱུང་ཟིན་པ་ཞིག་ཡིན་སྟབས་སུ་གཅིག་གིས་བཟོ་བཅོས་བྱེད་ཐབས་མེད་པས། དུས་ཚིགས་འདི་ཉིད་རྗེས་དྲན་དང་སྲུང་རྩི་དགོས་པ་དེ་ད་ལྟའི་ཆར་ཕྲག་ཏུ་བབ་པའི་ལས་འགན་ཞིག་ཏུ་གྱུར་ཡོད།

མདོར་ན་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་རབ་བྱུང་བཅོ་ལྔ་པའི་ཆུ་གླང་ལོར་བོད་རང་བཙན་བསྐྱར་ནན་གྱིས་གསལ་བསྒྲགས་གནང་བའི་ལོ་རྒྱུས་ཀྱི་གནས་བབས་ངོས་འཛིན་མ་བྱས་ཐབས་མེད་ཡིན་ལ། གལ་སྲིད་དེ་ཉིད་མི་ཁ་ཤས་ཀྱིས་དེབ་ཁ་ཤས་སུ་བཟོ་བཅོས་བྱས་པར་འདོད་ན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། མཛད་རྣམ་<<ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་>>ཡང་དེའི་ཁོངས་སུ་གཏོགས་པར་ངོས་འཛིན་བྱེད་དགོས་སམ། དེར་བརྟེན་༧གོང་ས་མཆོག་གིས་ཡང་ཡང་གསུངས་པ་བཞིན་ལོ་རྒྱུས་ནི་བྱུང་ཟིན་པ་ཞིག་ཡིན་པས་བཟོ་བཅོས་བྱེད་ཐབས་མེད་ལ། མ་འོངས་པར་རྒྱ་གཞུང་གི་འོག་ཏུ་བོད་མི་ཡོངས་རྫོགས་རང་མོས་ཀྱིས་སྡོད་དགོས་བྱུང་ནའང་། དེ་ལོ་རྒྱུས་ལ་བརྟེན་ནས་མ་ཡིན་པར། མ་འོངས་པའི་གནས་སྟངས་ལ་བརྟེན་ནས་ཡིན་པ་གསལ་རྟོགས་དགོས་པ་ཞིག་ཡིན། དེར་བརྟེན་ཉིན་མོ་འདི་སྲུང་རྩི་དགོས་པ་གལ་ཆེན་པོ་ཡིན་པ་མ་ཟད། ལྷ་རབ་བྱུང་ན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་སྲུང་རྩི་དགོས་པ་གལ་ཆེན་པོར་གྱུར་ཡོད།།