བོད་རང་བཙན་ཆེད་གོམ་བགྲོད་ལས་འགུལ་ཞིག་འགོ་འཛུགས་བྱས་སོང་།
ཟླ་འདིའི་ཚེས་༢༣ ཉིན་ཏེ། རྒྱ་ནག་གི་དབང་ཤུགས་འོག་བོད་རྒྱའི་བར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བཞག་ནས་མི་ལོ་༧༠ འཁོར་བའི་ཉིན་མོ་དང་བསྟུན། བོད་མི་སྒེར་པ་ཁག་ཅིག་གིས་ཨ་རིའི་ཧྤེ་ན་ཌོ་ཕེ་ཡ་གྲོང་ཁྱེར་གྱི་ཨ་རིའི་རང་བཙན་བསྒྲགས་གཏམ་སྤེལ་སའི་རང་དབང་གི་དྲིལ་བུ་ཡོད་སའི་ས་གནས་ནས་འགོ་འཛུགས་བྱས་ཏེ། རྒྱལ་ས་ཝ་ཤིན་ཊོན་བར་དུ་གོམ་བགྲོད་བྱས་ཏེ་རྒྱ་ནག་གིས་བོད་དབང་བསྒྱུར་བྱས་པར་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།
གོམ་བགྲོད་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཁྲིམས་ཞིབ་པ་ཟུར་པ་བློ་བཟང་དར་རྒྱས་དང་། གོམ་བགྲོད་པ་རྩོམ་པ་པོ་སྤོ་ཆུང་ཚང་དོན་འགྲུབ་ལྷ་དར། ས་གནས་ཀྱི་ཚོགས་པ་ཁག་ཅིག་སྐུ་ཚབ་ཚོས་རྒྱ་རྒོལ་གོམ་བགྲོད་དང་འབྲེལ་བའི་གཏམ་བཤད་གནང་བ་དང་། ས་གནས་ཀྱི་བོད་མི་ཚོས་ཕེབས་སྐྱེལ་ཏེ། ཕྱི་ཟླ་༦ པའི་ཚེས་༡ ཉིན་ལས་འགུལ་དེ་ཝ་ཤིན་ཊོན་ནས་མཇུག་བསྡུ་རྒྱུ་ཡིན་པ་རེད།
གོམ་བགྲོད་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ནིའུ་ཡོག་ནས་རྩོམ་པ་པོ་སྤོ་ཆུང་ཚང་དོན་འགྲུབ་ལྷ་དར་དང་། ཨ་རིའི་ཧྤེ་ན་ཌོ་ཕེ་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་ཆོས་ཉིད། ཆི་ཁ་ཀོ་ནས་བློ་བཟང་ཡེ་ཤེས། ནིའུ་ཡོག་ནས་སྤེན་པ་ཚེ་རིང་། ནིའུ་ཡོག་ནས་མིག་མར་སྒྲོལ་མ། སི་ཡ་ཊལ་ནས་མཁྱེན་རབས་དཔལ་ལྡན་བཅས་དང་། གོམ་བགྲོད་བྱེད་མཁན་ཚོར་ནིའུ་ཡོག་ནས་བོད་རང་བཙན་ལས་འགུལ་བ་བསྟན་འཛིན་དབང་འདུས་ཀྱིས་རླངས་འཁོར་བསྐོར་ནས་དགོས་མཁོའི་ཅ་ལག་འཁྱེར་རོགས་དང་སྡོད་གནས་ས་ཚིགས་གྲ་སྒྲིག་ཆེད་དུ་ཡོང་ཡོད་པ་རེད། ཁེ་ན་ཊར་གནས་བཞུགས་སཱ་ནེས་བསོད་ནམས་ཐོག་མར་གོམ་བགྲོད་ནང་མཉམ་ཞུགས་བྱེད་འཆར་ཡོད་ནའང་། རྒྱ་ནད་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་ཨ་རིར་ཡོང་མ་ཐུབ་པར་བརྟེན། ཨ་རི་དང་ཁེ་ན་ཊའི་ས་མཚམས་ནས་ཊོ་རིན་ཊོ་གྲོང་འཁྱེར་གྱི་རྒྱ་ནག་གཞུང་ཚབ་བར་དུ་གོམ་བགྲོད་བྱེད་རྒྱུ་ཉིན་དེར་མཉམ་དུ་འགོ་འཛུགས་བྱས་ཡོད་པ་རེད།
༢༠༢༡ ལོའི་ཕྱི་ཟླ་༢ ཚེས་༡༣ ཉིན་ནིའུ་ཡོག་ནས་གོམ་བགྲོད་པས་ལས་འགུལ་གྱི་དགོས་འདུན་གསལ་བསྒྲགས་སྤེལ་བའི་ནང་དོན་ཚན་༦ འཁོད་ཡོད་པ་རེད། ༡ རྒྱ་ནད་ཀྱིས་འཛམ་གླིང་མི་མང་2,385,405 བསད་པའི་འགན་འཁྲི་རྒྱ་ནག་གཞུང་གིས་འཁྱེར་དགོས་པ་དང་། འཛམ་གླིང་མི་མང་ནས་བརྡ་འདེད་དང་ངོ་རྒོལ་བྱ་དགོས། ༢། རྒྱ་ནག་གིས་བོད་པ་དང་ཡུ་གུར་བ་སོགས་བཙོན་པ་རྣམས་ངལ་རྩོལ་བཀོལ་ནས། ཅ་དངོས་བཟོ་སྐྲུན་བྱེད་ཀྱི་ཡོད་པས། རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས། ༣། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པའི་བདེན་དོན་དང་། བོད་རང་བཙན་སླར་གསོ་ལ་ཨ་རིའི་གཞུང་དམངས་གཙོས་རྒྱལ་སྤྱིས་ངོས་ལེན་བདེན་རྒྱབ་གནང་རོགས། ༤། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གཙོས་བོད་ཀྱི་སྲིད་དོན་བཙོན་པ་ཡོངས་རྫོགས་འཕྲལ་དུ་གློད་གྲོལ་དགོས། ༥། བོད་མིའི་རང་དབང་སྒེར་ལངས་དང་། རང་ལུས་མེར་སྲེག་གི་གཙོས་བོད་དོན་འཐབ་རྩོད་ཀྱི་རྩ་དོན་གང་ཡིན་སྐོར་ཨ་རིའི་གྲོས་ཚོགས་ནས་ཉན་ཞིབ་བརྒྱུད། བོད་མིའི་རྩ་དོན་འགྲུབ་པར་ཨ་རིའི་གཞུང་མང་གིས་བདེན་རྒྱབ་གནང་རོགས། ༦། རྒྱ་ནག་གིས་བོད་དང་། ཤར་ཏུར་ཀི་སི་ཐན། ལྷོ་སོག མན་ཇུ་བཅས། ལོ་རྒྱུས་ཐོག་རང་བཙན་ཡིན་པའི་རྒྱལ་ཁབ་བཞི་ལ་བཙན་འཛུལ་དང་། ཨ་རི་གཙོས་པའི་རྒྱལ་ཁབ་གཞན་གྱི་གསང་བ་རྐུ་འཁྱེར་དང་། སིམ་འཛུལ་གྱིས་རྒྱལ་སྤྱིའི་རང་དབང་དང་། བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་པས། རྒྱལ་སྤྱིའི་གཞུང་དང་མང་ཚོགས་ནས་རྒྱ་ནག་གི་བཙན་འཛུལ་རྒྱ་སྐྱེད་ལ་ངེས་པར་དོ་འཁུར་དང་འགོག་གནོན་དགོས།
བོད་རང་བཙན་ལས་འགུལ་གྱི་དྲ་རྒྱ་གསར་པ་ཞིག་rangzenmovement.com བཟོས་ཡོད་པ་དང་། དེའི་ནང་གོམ་བགྲོད་ཀྱི་ཡིག་ཆ་རྒྱས་པ་དང་། པེ་ཅིང་ཨོ་ལོམ་པིག་ལ་ངོ་རྒོལ་གྱི་རྩོམ་ཡིག རྒྱ་ནད་ཀྱི་དཀའ་ངལ་སྐོར་གྱི་རྩོམ་ཡིག གྲོས་མཐུན་དོན་ཚན་བཅུ་བདུན་སྐོར་གྱི་རྩོམ་ཡིག རྒྱ་ནག་དམར་ཤོག་ལོ་བརྒྱ་འཁོར་བའི་ནག་ཉེས་བཅས། བོད་རང་བཙན་སླར་གསོ་དང་། རྒྱ་ནག་གི་ནག་ཉེས་ཐེར་འདོན་གྱི་རྩོམ་ཡིག་ཚད་ལྡན་སྤེལ་ཡོད་སྐོར་གྱི་གསལ་བསྒྲགས་སྤེལ་སོང་།
དེ་བཞིན་གོམ་བགྲོད་པས། དུས་ཚོད་ཀྱི་ཆ་ནས་བོད་རང་བཙན་ཤོར་ནས་མི་ལོ་བདུན་ཅུ་འཁོར་བ་དང་། གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཙན་འོག་ཏུ་བཞག་ནས་ལོ་བདུན་ཅུ་འཁོར་བར་ངོ་རྒོལ་བྱེད་དགོས་པ་ནི། བོད་མིས་ངེས་པར་སྒྲུབ་དགོས་པའི་དུས་ཀྱི་ཁྱད་པར་དམིགས་བསལ་ལྡན་པ་བཅས། དེ་རིང་གི་གོམ་བགྲོད་འདི་བོད་ཀྱི་དོན་དུ་དགོས་ངེས་ཀྱི་ལས་འགུལ་ཞིག་ཡིན་པས། བོད་ལ་བློ་སེམས་དཀར་བ་དང་། ལྷག་པར་བོད་རང་བཙན་སླར་གསོའི་རེ་བ་ཤི་མེད་མཁན་ཚོས་ཕྱོགས་ཡོངས་ནས་རྒྱབ་སྐྱོར་འཐུས་ཤོར་མེད་པ་གནང་བའི་རེ་སྐུལ་གནང་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།