བོད་རང་བཙན་ཆེད་དྷ་ས་ནས་ལྡི་ལི་བར་དུ་གོམ་བགྲོད།
ཟླ་འདིའི་ཚེས་༡༢ ཉིན་ཏེ། བོད་ཀྱི་ལོ་སར་ཚེས་༡ བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ཀྱིས་དྷ་རམ་ས་ནས་ལྡི་ལིར་བར་གྱི་གོམ་བགྲོད་འགོ་འཛུགས་བྱས་པ་དང་། རྒྱ་གར་གྱིས་བོད་རང་བཙན་ལ་རྒྱབ་སྐྱོར་དགོས་པ་དང་། རྒྱ་ནག་གཅིག་གི་སྲིད་ཇུས་བཟུང་བར་འགྱུར་བ་གཏོང་དགོས་པའི་དགོས་འདུན་བཏོན་སོང་།
ལས་འགུལ་དེ་སྔ་དྲོ་དྷ་མེག་གྷན་ནས་འགོ་འཛུགས་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་དོན་འགྲུབ་ཀྱིས་རང་བཙན་གོམ་བགོད་དེར་རྒྱབ་སྐྱོར་ཡོད་སྐོར་གྱི་ལས་འགུལ་འགོ་འཛུགས་གཏམ་བཤད་གནང་བ་དང་། རྒྱ་གར་གྱི་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་ཨ་རྗེ་ནེ་ཧ་རས་(Ajit Nehria) བོད་རང་བཙན་འཐབ་རྩོད་གལ་ཆེན་ཡིན་སྐོར་དང་རྒྱ་གར་དང་རྒྱ་ནག་བར་དུ་ས་མཚམས་ཀྱི་ཤིག་མེད་པར་བོད་དང་རྒྱ་གར་གྱི་ས་མཚམས་ཡིན་སྐོར་གྱི་གཏམ་བཤད་གནང་རྗེས། མི་མང་གིས་དྷ་ཤོད་བར་དུ་ཕེབས་སྐྱེལ་བྱས་སོང་།
བསྟན་འཛིན་བརྩོན་འགྲུས་ཀྱིས་རྒྱ་གར་དང་རྒྱ་ནག་བར་དུ་ས་མཚམས་ཀྱི་རྩོད་རྙོག་བྱུང་སྐོར་དང་འབྲེལ་ནས་གསུང་དོན། “ལོ་སྔོན་མའི་ཕྱི་ཟླ་༦ པའི་ནང་གྷལ་ཝན་ལུང་གཤོང་དུ་རྒྱ་ནག་གི་དམག་མིས་རྒྱ་གར་དམག་མི་གསོད་སྐབས།རྒྱ་གར་བ་མང་པོས་གྷལ་ཝན་ལུང་གཤོང་ས་ཆ་གང་ཞིག་ཡིན་ཡང་ས་ཁྲའི་ཐོག་རྩད་གཅོད་མ་ཐུབ་པ་ཆགས་པ་རེད། རྒྱ་ནག་དང་རྒྱ་གར་གྱི་བར་དུ་ས་མཚམས་ཀྱི་རྙོག་གྲ་ག་རེ་བྱས་ནས་བྱུང་ཡོད་ཤེས་རྟོགས་དེ་བས་མེད་རེད། ངས་དྷ་རམ་ས་ལ་ནས་ལྡི་ལི་བར་དུ་གོམ་བགྲོད་ཅིག་འགོ་འཛུགས་བྱེད་ཀྱི་ཡོད། རྒྱ་གར་དང་རྒྱ་ནག་བར་དུ་ས་མཚམས་ཀྱི་རྙོག་གྲ་བྱུང་བའི་བར་དུ་གནས་ཚུལ་ཤེས་རྟོགས་མ་ཐུབ་པ་དང་མ་ཚང་བ་དེ་བོད་རེད། བོད་ཀྱི་གནད་དོན་མངོན་གསལ་དོད་པོ་ཡོང་ཆེད་ཀྱི་དམིགས་ཡུལ་འཆང་ནས་གོམ་བགྲོད་དེ་བྱེད་ཀྱི་ཡོད། རྒྱ་ནག་གིས་རྒྱ་གར་ལ་མུ་མཐུད་སྡིག་སྐུལ་དང་ཧམ་བཤད་བྱེད་པའི་རྒྱུ་མཚན་དེ་ང་ཚོའི་རྒྱ་གར་གྱི་གྲོགས་པོ་གྲོགས་མོ་ལྷན་རྒྱས་ཀྱིས་ཤེས་རྟོགས་ཐུབ་དགོས་རེད་”ཅེས་གསུངས་སོང་།
གོམ་བགྲོད་དེ་༢༠༢༡ ཕྱི་ཟླ་༢ ཚེས་༡༢ ཉིན་ཏེ། བོད་ཀྱི་ལོ་སར་ཚེས་༡ ཉིན་ངས་གོམ་བགྲོད་དེ་འགོ་བཙུགས་ནས་ཕྱི་ཟླ་༣ པའི་ཚེས་༡༠ བོད་མིའི་སྒེར་ལངས་ཆེན་མོའི་དུས་དྲན་ཉིན་ལྡི་ལིར་མཇུག་བསྒྲིལ་རྒྱུ་ཡིན་པ་རེད། སྤྱི་ལེ་༥༠༠ ས་ཐག་དེ་ཟླ་གཅིག་རིང་བསྐྱོད་རྒྱུ་ཡིན་པ་དང་། ཉིན་རེར་ས་ཚིགས་ཁག་ཏུ་ལམ་ཟུར་གྱི་སྟབས་བདེའི་གནས་ཚང་གཡར་ནས་འགྲོ་འཆར་ཡོད་འདུག ཐོག་མར་དྷ་རམ་ས་ལ་ནས་འགོ་བཙུགས་ཏེ། ཀང་ར་དང་ཨུ་ན་བརྒྱུད་ནས་པན་ཇབ་ནང་འཛུལ་ཏེ། མོ་ཧ་ལི་བརྒྱུད་ཅན་དྷི་གྷར། དེ་ནས་ཨམ་པ་ལ་བརྒྱུད་ནས་ལྡི་ལིར་བསླེབ་འཆར་ཡོད་པ་དང་།གོམ་བགྲོད་དེ་ཁོང་མི་གཅིག་གིས་བྱེད་ཀྱི་ཡོད་ནའང་། མཉམ་དུ་མི་གཉིས་གསར་འགོད་བརྒྱུད་ལམ་ལ་འབྲེལ་བ་བྱེད་མཁན་ཡོད་པ་རེད།
གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། “གོམ་བགྲོད་དེའི་རིང་ངས་གཙོ་བོ་རྒྱ་གར་གཞུང་ལ་དགོས་འདུན་ནན་ཏན་གྱིས་ཞུ་རྒྱུ་ནི། རྒྱ་ནག་གཅིག་གི་སྲིད་ཇུས་བཟུང་བ་དེར་འགྱུར་བ་གཏོང་དགོས། རྒྱ་གར་གྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེ་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱས་ནའང་། རྒྱ་ནག་གིས་དེ་ལྟར་ཡ་ལན་བྱེད་ཀྱི་མེད། རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེ་ཁོང་ཚོའི་ཡིན་ཟེར་གྱི་ཡོད་པ་མ་ཟད། ཧི་མ་ཅལ་དང་། ལ་དྭགས། ཨོ་དིར་ཁན། སི་ཀེམ་དེ་ཚོའི་ས་ཆའི་ཆ་ཤས་ཀྱང་ཁོང་ཚོས་ཡིན་ཟེར་གྱི་ཡོད་པ་རེད། ཀ་ཤི་མེར་གྱི་གནད་དོན་ཐོག་རྒྱ་ནག་གིས་རྒྱ་གར་ལ་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུ་གཏུག་ཡང་ཡང་བྱས་ཡོད་པ་རེད། ང་ཚོས་བསྐྱར་དུ་བསམ་བློ་གཏོང་དགོས་དོན་གཅིག་ལ།རྒྱ་ནག་གིས་རྒྱ་གར་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱེད་ཀྱི་མེད་ན། རྒྱ་གར་གྱིས་རྒྱ་ནག་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱེད་དོན་ཅི་ཡོད་”ཅེས་དང་།
“དེ་འདྲའི་ལས་འགུལ་ངས་རྒྱལ་སྤྱིའི་ཐོག་ཏུ་ཡང་སྤེལ་རྒྱུ་ཡིན།རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཟེར་བ་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱས་ན། རྒྱ་ནག་གིས་བཙན་འཛུལ་བྱས་པའི་བོད་དང་ལྷོ་སོག་པོ། ཤར་ཏུར་ཀི་སི་ཐན་དེ་ཚོ་ཡང་རྒྱ་ནག་གི་ཆ་ཤས་ལ་ངོས་འཛིན་བྱེད་ཀྱི་ཡོད་པས། དེ་འགྱུར་བ་གཏོང་དགོས་བཅས་ཞུ་རྒྱུ་ཡིན།ཧོང་ཀོང་ནང་དུ་མང་གཙོའི་འཐབ་རྩོད་ཤུགས་ཆེན་སྤེལ་བཞིན་ཡོད་པ་དེ་ལ་རྒྱབ་སྐྱོར་དང་། ཐའེ་ཝན་རང་བཙན་ལྡན་པའི་རྒྱལ་ཁབ་ཀྱི་གནས་བབས་ལ་ངོས་འཛིན་དགོས་པ་ངས་རྒྱལ་སྤྱིའི་ནང་ཞུ་གཏུག་བྱེད་རྒྱུ་ཡིན། མི་རེ་ངོ་རེས་ལས་འགུལ་འདིར་རྒྱབ་སྐྱོར་བྱེད་ཐུབ། རྩོམ་ཡིག་དང་གཏོང་ཡིག་དང་རི་མོ་འབྲི་ཐུབ། གཏམ་བཤད་དང་བགྲོ་གླེང་བྱེད་ཐུབ། གློག་བརྙན་བཟོ་སྐྲུན་དང་གཞས་དང་ཞབས་བྲོ་འཁྲབ་ཐུབ། སྤྱི་ཚོགས་དྲ་ལམ་ཐོག་བསམ་ཚུལ་འདོན་ཐུབ་ཀྱི་རེད། གཞན་གྱིས་དེ་ལྟར་བྱས་པ་ཚང་མས་བརྒྱུད་སྤེལ་ཁྱབ་བསྒྲགས་ཐུབ་ཀྱི་རེད་”ཅེས་བཀོད་འདུག
ངའི་གོམ་བགྲོད་དེའི་ནང་མི་སུ་ཡིན་ཡང་རྒྱང་ཐག་རིང་པོར་འགྲོ་མི་དགོས་པར་ཆུ་ཚོད་གཅིག་གཉིས་རིང་མཉམ་ཞུགས་ཆོག་གི་ཡོད་པ་དང་། “རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་རྒྱལ་ཁབ་གཅིག་ལ་ངོས་འཛིན་མཚམས་འཇོག་དགོས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བར་སྤྲེལ་ལད་མཚམས་འཇོག་དགོས་”དགོས་ཞེས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།