བོད་རང་བཙན་ཉིན་མོ་སྲུང་བརྩི་ཞུས་སོང་།
ཕྱི་ཟླ་༢ པའི་ཚེས་༡༣ ཉིན་དྷ་སའི་མི་མང་ཚོས་བོད་ཀྱི་ལོ་གསར་ཚེས་༢ ཉིན་དགའ་སྤྲོའི་ཁྲོད་དུ་“བོད་རང་བཙན་ཉིན་མོ་”སྲུང་བརྩི་ཞུས་སོང་། ད་ནངས་ཞོགས་པའི་ཆུ་ཚོད་བཅུ་དང་ཕྱེད་ཀ་ཡོལ་ཙམ་ལ་ང་རང་སྦག་སྦག་བཞོན་ནས་རང་ཁྱིམ་ནས་མེག་ལོར་དུ་འགྲོ་དུས། བཞུགས་སྒར་དྷ་སའི་མཁའ་དབྱིངས་སུ་དུ་སྤྲིན་སྲབ་མོ་ཞིག་འཁྲིགས་ནས་ཉི་འོད་དེ་ཙམ་གསལ་པོ་མི་འདུག
དེ་རིང་ནི་༧རྒྱལ་དབང་སྐུ་གོང་མ་སྟེ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཆུ་གླང་རྩ་ཚིག་ཆེན་མོ་ཕྱིར་བསྒྲགས་གནང་ནས་མི་ལོ་ཧྲིལ་པོ་ ༡༠༨ འཁོར་བའི་ཉིན་མོ་ཡིན་སྟབས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ཞོགས་པའི་ཆུ་ཚོད་ ༡༡ ལ་མེག་ལོར་གྱི་ཁྲོམ་སྲང་བཞི་མདོར་“བོད་རང་བཙན་ཉིན་མོ་སྲུང་བརྩི་”ཞུ་བའི་ལས་འགུལ་ཞིག་གོ་སྒྲིག་ཞུས་འདུག་པས། ང་རང་ལས་འགུལ་དེའི་སྐོར་གྱི་གནས་ཚུལ་མཁོ་སྒྲུབ་བྱེད་དུ་ཕྱིན་པ་ཡིན། ངས་སྦག་སྦག་ཟློས་གར་ཁང་ལ་འགྲོ་སའི་ལམ་ཟུར་དུ་བཞག་ནས་ཐད་ཀར་མར་མེག་ལོར་གྱི་ཁྲོམ་སྲང་བཞི་མདོར་ཕྱིན་པ་ཡིན། དེར་ལས་འགུལ་གོ་སྒྲིག་ཞུ་མཁན་ཚོས་ཁྲི་ཅུང་མཐོན་པོ་ཞིག་བརྒྱབ་པའི་ཐོག་ཏུ་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུ་པར་ཞིག་བཞག་འདུག་ཅིང་། ཁྲིའི་གཡས་ཕྱོགས་སུ་སྐུ་ཕྲེང་གོང་མས་བསྒྲགས་པའི་ཆུ་གླང་རྩ་ཚིགས་ཆེན་མོའི་ཞལ་ཐང་རིང་པོ་ཞིག་བསྒྲེངས་པ་དང་། གཡོན་ཕྱོགས་སུ་རྒྱལ་དར་གཉིས་ཀྱིས་བརྒྱན་པའི་བོད་ཀྱི་ས་ཁྲ་ཆེན་པོ་ཞིག་བཤམས་ནས་འདུག
གོ་སྒྲིག་ཞུ་མཁན་ཚོས་ས་ཁྲ་དེ་ནི་རྗེས་སུ་བོད་རང་བཙན་གྱི་ཕུགས་བསམ་མངོན་དུ་གྱུར་བའིརྗེས་སུ་སོ་སོ་འགྲོ་འདོད་སའི་ས་ཆར་རྟགས་རྒྱག་སའི་ཆེད་དུ་བཤམས་པ་ཞིག་ཡིན་ཚུལ་འགྲེལ་བརྗོད་བྱས་པ་ལྟར། དེར་འཛོམས་པའི་མི་མང་ཚོས་ཚ་ཚ་འུར་འུར་ངང་སོ་སོའི་ཕ་ཡུལ་དང་། ཡང་ན་སོ་སོ་འགྲོ་འདོད་པའི་ཡུལ་ལུང་རེ་བཙལ་ནས་བོད་ཀྱི་རྒྱལ་དར་ཆུང་ངུ་རེས་རྟགས་རེ་བརྒྱབས་སོང་།
བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་ནས་རྒྱལ་དར་སྒྲེང་འཛུགས་བྱེད་པའི་བྱེད་སྒོ་དངོས་སུ་འགོ་མ་ཚུགས་གོང་དུ། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་གྱིས་“རྒྱལ་ཁབ་ཚང་མས་སོ་སོའི་རྒྱལ་ཁབ་དབུ་ཚུགས་པའི་ཉིན་མོ་གལ་ཆེན་དུ་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། ཆོལ་གསུམ་བོད་ཀྱི་ད་ལྟའི་ཆབ་སྲིད་ཀྱི་གནས་བབ་གང་ཡིན་ལ་མ་ལྟོས་པར་དེ་དང་གཅིག་མཚུངས་ཆགས་ཡོད། བོད་རང་བཙན་སློབ་ཕྲུག་ཚོགས་པས་ཕྱི་ཟླ་ ༢ ཚེས་ ༡༣ གྱི་ཉིན་མོ་དེ་བོད་ལ་ཡོད་མྱོང་བའི་རང་བཙན་སྲུང་བརྩི་ཞུ་བའི་ཉིན་མོ་གལ་ཆེན་དུ་བདམས་ཡོད་”ཅེས་དེ་རིང་གི་ལས་འགུལ་གྱི་ངོ་བོ་འགྲེལ་བརྗོད་བྱས་པ་མ་ཟད། ལས་འགུལ་གྱི་རྒྱབ་ལྗོངས་དང་འབྲེལ་བའི་ཐད་ལ། “རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་འཁྱོག་བརྗོད་བྱེད་ཤུགས་ཆེ་རུ་གཏོང་བཞིན་པར་ཁ་གཏད་གཅོག་པའི་ཆེད་དུ། ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༢ ཚེས་ ༡༣ ཉིན་བོད་རང་བཙན་གྱི་བསྒྲགས་གཏམ་སྤེལ་ནས་ལོ་ངོ་ ༡༠༠ འཁོར་བའི་དུས་དྲན་སྐབས་ཉིན་དེ་བོད་རང་བཙན་ཉིན་མོར་གཏན་འཁེལ་བྱས་པ་དང་། འདས་པའི་ལོ་ངོ་འགའ་ཤས་རིང་འཛམ་གླིང་གི་རྒྱལ་ཁབ་ ༣༠ ལྷག་གི་ནང་དུ་ཉིན་མོ་དེ་སྲུང་བརྩི་ཞུ་བཞིན་ཡོད་”ཅེས་བཤད་སོང་།
ལས་འགུལ་དེའི་མཇུག་ཏུ་སྒོར་གཞས་ཀྱང་གོ་སྒྲིག་ཞུས་འདུག་པར་བོད་མི་རྣམས་དང་། ཕྱི་རྒྱལ་གྱི་ཡུལ་མི་ཚོས་མཉམ་ཞུགས་བྱས་སོང་བ་དང་། ངས་ཁྲོམ་ལམ་གྱི་ཟུར་ཞིག་ནས་ཁོ་ཚོས་དགའ་སྤྲོའི་ངང་སྒོར་གཞས་འཁྲབས་ཏེ་རང་ལ་མི་རང་དབང་བའི་ས་ཆ་ཞིག་ནས་རང་བཙན་མེད་པའི་རང་བཙན་ཉིན་མོ་ཞིག་ལ་སྲུང་བརྩི་ཞུ་བཞིན་པ་མཐོང་དུས། ནམ་ཞིག་ལ་རང་ས་རང་ཡུལ་ནས་དངོས་སུ་རང་བཙན་གྱི་ཉིན་མོ་ཞིག་སྲུང་བརྩི་ཞུ་བའི་དུས་ཚོད་ཅིག་འཆར་ཡོང་ངམ་སྙམ་བྱུང་།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་༢༠༡༣ ལོ་ནས་ལོ་ལྟར་རྒྱལ་དབང་སྐུ་ཕྲེང་༡༣ པས་ཆུ་གླང་རྩ་ཚིག་གམ་བོད་རང་བཙན་བསྐྱར་ནན་གྱི་གསལ་བསྒྲགས་སྤེལ་བའི་ཉིན་མོ་སྲུང་བརྩི་བྱེད་ཀྱི་ཡོད་པ་ལྟར། བོད་ཀྱི་མཚོན་དོན་འདྲ་མིན་ཏེ། ཆུ་གླང་རྩ་ཚིག་དང་། པོ་ཏ་ལ། རྒྱལ་དར། རྡོ་རིང་། བོད་ཀྱི་ས་ཁྲ་ལྟ་བུ་བོད་རང་བཙན་གྱི་མཚོན་རྟགས་ངོ་སྤྲོད་ཀྱི་ཐོག་ནས་ལས་འགུལ་སྤེལ་གྱི་ཡོད་པ་ལྟར་ད་ལོ་རྒྱལ་དར་བསྒྲེངས་འཛུགས་ཀྱི་ལས་འགུལ་རེད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།