བོད་རང་བཙན་བསྐྱར་དུ་གསལ་བསྒྲགས་བྱས་པའི་ཉིན་མོར་བགྲོ་གླེང་དང་བསྒྲགས་གཏམ་སྤེལ་སོང་།

བོད་རང་བཙན་ཉིན་མོ་སྲུང་བརྩིའི་སྐབས་སུ། བོད་ཀྱི་བང་ཆེན་གསར་ཁང་གི་པར།

ལོ་ལྟར་ཕྱི་ཟླ་༢ པའི་ཚེས་༡༣ ཉིན་༧ རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་བསྐྱར་དུ་གསལ་བསྒྲགས་གནང་བའི་ཉིན་མོ་སྲུང་བརྩི་ཞུ་ཡི་ཡོད་པ་བཞིན། དེ་རིང་ཕྱི་ཚེས་༡༣ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་བོད་ཡུལ་གནས་དགོས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་བསྒྲགས་གཏམ་ཞིག་སྤེལ་གནང་སོང་།

ཕྱི་ཚེས་༡༣ ཉིན་རྡ་སའི་ས་གནས་འགོ་འཛིན་གྱི་ཚོགས་ཁང་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་བོད་ཡུལ་གནས་དགོས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་འཚོགས་གནང་སོང་ལ། བགྲོ་གླེང་གི་སྐབས་སུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་དང་། བོད་མི་མང་གི་སྤྱི་འཐུས་རྡོ་རྗེ་ཚེ་བརྟན། བོད་ཀྱི་གཞོན་ནུ་ཚོགས་པའི་དྲུང་ཆེ་བསོད་ནམས་ཚེ་རིང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་པ་སངས་བཅས་ནས་བགྲོ་གླེང་གནང་སོང་། སྐབས་དེ་དུས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་གིས་རྒྱ་ནག་གིས་ཤིས་ཙང་བེད་སྤྱོད་བྱས་ནས་དབྱིན་ཡིག་ནང་དུ་ཡོད་པ་བོད་ལ་(Tibet )ཟེར་བ་དེ་ནག་བསུབ་གཏོང་ཐབས་བྱེད་ཀྱི་ཡོད་པ་དང་། དེ་ནག་བསུབ་བཏང་ན་བོད་པའི་མིང་དང་རིག་གཞུང་གི་རྒྱབ་ལྗོངས། ལོ་རྒྱུས། ཆབ་སྲིད་སོགས་ཀྱི་གནད་དོན་མང་པོ་ཞིག་ནག་བསུབ་གཏོང་གི་ཡོད་པ། དབྱིན་ཡིག་ནང་ཡང་ཤིས་ཙང་ཟེར་ནས་འབྲི་ཐབས་བྱེད་ཀྱི་ཡོད་པར་བརྟེན། བོད་པའི་ངོས་ནས་དེ་ལ་གདོང་ལེན་དང་འཐབ་རྩོད་བྱེད་དགོས་པ། དེ་བཞིན་བོད་པའི་ངོས་ནས་འཐབ་རྩོད་བྱས་ཏེ་ཤིས་ཙང་ཟེར་བ་དེ་བོད་ཆོལ་ཁ་གསུམ་ལ་གོ་ཡི་ཡོད་པ་ལས། དབུས་གཙང་གཅིག་པོར་མིན་པ་ལོ་རྒྱུས་ཐོག་ནས་ཁུངས་དང་ལུང་དྲངས་ནས་རྩོད་པ་རྒྱག་དགོས་པ་ལས་བྲོས་འགྲོ་ས་ཡོད་མ་རེད་ཅེས་བརྗོད་སོང་། 

དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་པ་སངས་ཀྱིས་བོད་པའི་མི་རེ་ངོ་རེ་ནས་དུས་རྒྱུན་དུ་རྒྱ་ནག་དང་རྒྱ་གར། ཕྱི་རྒྱལ་གསར་ཁང་གང་འདྲ་ཞིག་གིས་བོད་པའི་མིང་དབྱིན་ཡིག་ནང་ཡོད་པའི་(Tibet )ཟེར་བ་དེའི་ཚབ་ལ་ཤིས་ཙང་བེད་སྤྱོད་བྱེད་ཀྱི་ཡོད་ན། ངེས་པར་དུ་གསར་ཁང་དེ་ལ་ཡིག་ཐོག་ནས་དགག་པ་རྒྱག་དགོས་པ་དང་། གསར་འགོད་པ་སུ་ཡིན་ཡང་དེ་ལ་ཡི་གེ་གཏོང་དགོས་པ་དང་། ང་ཚོའི་ངོས་ནས་གདོང་ལེན་བྱས་ན་གྲུབ་འབྲས་འཐོན་ཐུབ་རྒྱུ་ཡིན་པར་བརྗོད་སོང་། 

བོད་མི་མང་གི་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ནས་ད་ལྟའི་འཆར་བོད་མི་མང་པོ་ཞིག་འཛམ་གླིང་གང་སར་ཡོད་དུས་བོད་པའི་མི་རེ་ངོ་རེ་ནས་ཕྱི་རྒྱལ་བའི་འགྲེམས་སྟོན་ཁང་ཡིན་ནའང་འདྲ། རྒྱ་ནག་གི་ཤུགས་རྐྱེན་ལ་བརྟེན་ནས་བོད་སྐོར་དྲིལ་བསྒྲགས་ལོག་པ་ག་པར་བྱེད་ཀྱི་ཡོད་ཀྱང་། ངེས་པར་དུ་ངོ་རྒོལ་དང་གོ་རྟོགས་སྤེལ་དགོས་པ་དང་། དེ་ནི་བོད་པ་རང་གི་ཆབ་སྲིད་སྐོར་གོ་རྟོགས་སྤེལ་རྒྱུའི་གོ་སྐབས་ཡག་པོ་ཞིག་ཡིན་པར་བརྗོད་སོང་། 

དེ་རིང་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་གསལ་བསྒྲགས་བསྐྱར་དུ་གནང་ནས་མི་ལོ་༡༡༢ འཁོར་བའི་ཉིན་མོར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་ཀྱི་གཞོན་ནུ་ཚོགས་པ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་མཉམ་འབྲེལ་གྱིས་བསྒྲགས་གཏམ་ཞིག་སྤེལ་སོང་། བསྒྲགས་གཏམ་དེའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནས་ནག་བསུབ་དང་རྩ་མེད་གཏོང་རྒྱུར་འབད་བརྩོན་ཤུགས་ཆེར་བྱེད་བཞིན་པའི་བྱ་སྤྱོད་ལ་ཁ་གཏད་དང་གདོང་ལེན་བྱེད་རྒྱུ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁམས་ཆབ་སྲིད་ཀྱི་གནས་བབས་ལ་འཁྱོག་བཤད་དང་། བོད་ཀྱི་རིག་གཞུང་སྐད་ཡིག་དང་བཅས་པར་དམ་དྲག་དང་། དྲག་གནོན་བྱེད་བཞིན་པའི་འབད་བརྩོན་འདི་དག་ལ་ང་ཚོས་ངེས་པར་དུ་མཉམ་རུབ་ཀྱི་ཐོག་ནས་གདོང་ལེན་བྱེད་རྒྱུ་ཡིན་པར་བརྗོད་འདུག དམིགས་བསལ་རྒྱལ་སྤྱིའི་སྤྱི་ཚོགས་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག མི་སྒེར་བཅས་ཚང་མས་གཤམ་གསལ་དོན་ཚན་ཁག་འཕྲལ་དུ་ལག་ལེན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན་ཞེས་དོན་ཚན་བཞི་བརྗོད་གནང་སོང་།

༡ བོད་ལ་ཤི་ཙང་དང་ཀྲུང་གོའི་ནུབ་ཕྱོགས། ཀྲུང་གོའི་བོད་ཅེས་པའི་ཐ་སྙད་བེད་སྤྱོད་གཏོང་རྒྱུ་དགག་བྱ་བྱེད་དགོས་པ་དང་།
༢ འཛམ་གླིང་ས་ཁྲའི་སྟེང་དུ་བོད་ཀྱི་མཚོན་དོན་ངེས་པར་དུ་མ་ནོར་བར་འགོད་དགོས་པ།

༣ བོད་ཀྱི་ཆོས་དང་རིག་གཞུང་རྒྱ་ནག་ཅན་དུ་བསྒྱུར་ཐབས་མཚམས་འཇོག་བྱེད་དགོས་པ།

༤ བོད་རྒྱ་བསྒྱུར་གྱི་རྒྱ་ནག་གི་སྲིད་བྱུས་ལ་རྒྱལ་སྤྱིའི་རང་བཞིན་ཅན་གྱི་གོ་རྟོགས་དང་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པ་བཅས་བརྗོད་གནང་སོང་།

དེ་རིང་བོད་རང་བཙན་བསྐྱར་དུ་གསལ་བསྒྲགས་བྱས་པའི་ཉིན་མོའི་བགྲོ་གླེང་ཐོག་རྡ་སར་གནས་སྡོད་བོད་མི་ན་གཞོན་དང་། དེ་བཞིན་རྒྱ་གར་དང་བོད་པའི་གསར་ཁང་ཁག་གི་གསར་འགོད་པ་སོགས་མི་མང་མང་པོ་ཞིག་མཉམ་ཞུགས་གནང་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།