བོད་རང་བཙན་རྒྱ་གར་གྱི་བདེ་འཇགས།

ཆེད་བརྗོད། 

ཕྱི་ལོ་༡༩༥༩ ལོར་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་རྒྱ་དམར་དྲག་པོའི་གཞུང་གིས་བཙན་འཕྲོག་བྱས་པར་བརྟེན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བོད་མི་མང་པོ་ཞིག་རྒྱ་བལ་འབྲུག་གསུམ་ལ་བཙན་བྱོལ་དུ་འབྱོར་བ་ནས་བཟུང་། མི་ལོ་དྲུག་ཅུ་ལྷག་གི་རིང་འཛམ་གླིང་གི་ས་ཕྱོགས་གང་སར་བཙན་བྱོལ་བོད་མི་རྣམས་ཀྱིས་རྒྱ་དམར་གཞུང་ལ་ངོ་རྒོལ་སྐད་འབོད་རིགས་རྒྱུན་ཆད་མ་མྱོང་ལ། དེ་ལ་བརྟེན་ནས་བོད་དོན་འཐབ་རྩོད་རྩ་མེད་དུ་མི་འགྲོ་བར་ཕན་ཐོགས་ཆེན་པོ་བྱུང་ཡོད། འཛམ་གླིང་གི་ས་ཁུལ་སྤྱི་དང་། ལྷག་པར་དུ་རྒྱ་གར་ནི་རང་དབང་མང་གཙོའི་ལུང་པ་ཆེ་ཤོས་ཤིག་ཡིན་པས་ངོ་རྒོལ་སྐད་འབོད་རྒྱུན་ཆད་མེད་པར་མཐོང་རྒྱུ་ཡོད་པ་ཞིག་རེད། དེ་བཞིན་བོད་པའི་སྐད་འབོད་ནང་ཁྱབ་ཆེ་ཤོས་གྲས་ཀྱི་འབོད་ཚིག་ནི་དཔེར་ན། “བོད་རང་བཙན་རྒྱ་གར་གྱི་བདེ་འཇགས་ཡིན།”ཞེས་པ་ལྟ་བུ་སོགས་རེད། འདི་དག་ནི་དུས་རྒྱུན་སྐད་འབོད་ནང་ཡོད་ཡོད་ལྟ་བུར་གྱུར་ཡོད་ལ། ནང་དོན་གྱི་ཆ་ནས་བཤད་ཀྱང་དོན་དངོས་དང་མཐུན་པའི་འབོད་ཚིག་ཅིག་རེད།

འབོད་ཚིག་མང་པོའི་ནང་ནས་གཅིག་ཟུར་དུ་བཏོན་ནས་བཤད་ན། “བོད་རང་བཙན་རྒྱ་གར་གྱི་བདེ་འཇགས་ཡིན།”ཞེས་པ་དེ་ཡིན། བོད་ས་ཡོངས་རྫོགས་རྒྱ་དམར་གཞུང་གིས་བཙན་འཕྲོག་མ་བྱས་བར་བོད་དང་རྒྱ་གར་གཉིས་ས་མཚམས་ཆེད་དམག་འཁྲུག་ཤོར་མྱོང་གཏན་ནས་མེད་ལ། རྒྱ་གར་གྱི་ངོས་ནས་ད་ལྟའི་དུས་ཚོད་ལྟ་བུ་ས་སྲུང་དམག་མི་ཕོན་ཆེ་འདི་འདྲ་གཏན་ནས་འཇོག་དགོས་ཐུག་མྱོང་མེད། ལོ་རྒྱུས་ནང་བོད་དང་ས་འབྲེལ་རྒྱ་ནག་དང་མཉམ་དུ་དམག་འཁྲུག་མང་པོ་ཤོར་མྱོང་ཡོད་པ་དང། བལ་པོ་དང་མཉམ་དུའང་དམག་འཁྲུག་ཤོར་བའི་ལོ་རྒྱུས་ཡོད། ད་ལྟའི་ཆར་འབྲས་ལྗོངས་དང། ཨ་རུ་ན་ཅལ། ཨུ་ཏར་ཁནྜ། ཧི་མ་ཅལ།ལ་དྭགས་སོགས་བོད་དང་རྒྱ་གར་གྱི་ས་མཚམས་སྤྱི་ལེ་སྟོང་ཕྲག་ཁ་ཤས་འབྲེལ་ནས་ཡོད་ལ། རྒྱ་གཞུང་གིས་བོད་བཙན་བཟུང་བྱས་རྗེས་ས་མཚམས་གནད་དོན་དང་འབྲེལ་ནས་རྒྱ་གར་དང་རྒྱ་ནག་གཉིས་ཕྱི་ལོ་༡༩༦༢ ལོའི་དམག་འཁྲུག་དང།ཉེ་བའི་ལོ་ཤས་ནང་འབྲོག་ལམ་དང། གྷལ་ཝན། རྟ་དབང་སོགས་སུ་འཁྲུག་འཛིངས་དང་ཤི་རྨས་བྱུང་ཡོད།

གོང་གི་གནས་ཚུལ་འདི་ལ་བརྟེན་ནས་བསྐྱར་ཞིབ་ཅིག་བྱས་ན་“བོད་རང་བཙན་རྒྱ་གར་གྱི་བདེ་འཇགས་ཡིན།”ཞེས་པ་དེ་དོན་དངོས་ཡིན་པ་གསལ་པོ་ར་སྤྲོད་ཐུབ་པ་ཞིག་རེད། རྩ་བས་བོད་པའི་ངོས་ནས་རྒྱ་གར་ནི་བོད་ཀྱི་ཆོས་དང་རིག་གནས་ཀྱི་དགེ་རྒན་ལྟ་བུར་ངོས་འཛིན་པ་དང། ཆོས་ཕྱོགས་ནས་བཤད་ན་རྒྱ་གར་ནས་བྱུང་བའི་ཆོས་ནི་ཁུངས་བཙུན་པ་ལོ་རྒྱུས་ཀྱི་ཡིག་ཆ་མང་པོའི་ནང་དུ་བྲིས་ཡོད་ལ། ད་ལྟའི་ཆར་ཡང་སངས་རྒྱས་བཅོམ་ལྡན་དང་། རྒྱན་དྲུག་མཆོག་གཉིས་སོགས་རྒྱ་གར་པཎ་གྲུབ་རྣམས་ཀྱི་གཞུང་ལུགས་ཁོ་ནར་ཁུངས་གཏུག་བཞིན་ཡོད་པས། རྒྱ་གར་དང་བོད་པའི་འབྲེལ་ལམ་ནི། དགེ་རྒན་དང་སློབ་མ་ལྟ་བུའི་མཛའ་འབྲེལ་འབའ་ཞིག་ལས་རྩོད་རྙོག་དང་དམག་འཁྲུག་གི་གནས་ཚུལ་ཞིག་གཏན་ནས་བྱུང་མ་མྱོང་བའི་རྒྱུ་མཚན་གཅིག་ནི་གནད་དོན་འདི་ལ་བརྟེན་ནས་ཀྱང་བྱུང་ཡོད་ངེས་རེད། ད་ལྟ་བོད་ས་ཡོངས་རྫོགས་རྒྱ་དམར་གཞུང་གི་བཙན་གནོན་འོག་ཡོད་པ་དང། མཐའ་མཚམས་ཀྱི་གནད་དོན་སོགས་ལ་བརྟེན་ནས་རྒྱ་དཀར་ནག་བར་རྩོད་རྙོག་རྒྱུད་མ་ཆད་པར་ཡོང་གི་ཡོད།

རྒྱ་གར་གཞུང་ནི་སྔོན་མ་དང་བསྡུར་ན་ད་ལྟའི་ཆར་ཕྱོགས་གང་ཐད་ནས་རྒྱལ་ཁབ་གཞན་ལ་སྤོབས་པའི་ཐོག་ནས་ཁ་གཏད་གཅོག་ཐུབ་པའི་གནས་བབས་ཤིག་ཏུ་སླེབས་ཡོད་ཀྱང། གནད་དོན་མང་པོའི་ཐོག་སྒམ་པོ་དང་གཟབ་ནན་བྱ་རྒྱུའི་སྲིད་བྱུས་ཤིག་ཡོད་པས། ཕྱོགས་གང་ཐད་ནས་འཛེམས་ཟོན་བྱ་རྒྱུ་ནི་གོམས་གཤིས་ལྟ་བུར་གྱུར་ཟིན། བོད་དང་རྒྱ་གར་གྱི་ས་མཚམས་རྩོད་རྙོག་ནི་རྒྱ་དཀར་ནག་གཉིས་ཚོར་སྣང་སྐྱེན་པའི་གནད་དོན་ཞིག་ཏུ་གྱུར་ཡོད་ཀྱང་། དུས་རྒྱུན་རྒྱ་གར་གཞུང་གིས་ཞི་འཇམ་ཡོང་ཐབས་ཁོ་ན་ལ་དགོངས་པ་བཞེས་ཀྱི་ཡོད། འོན་ཀྱང་རྒྱ་ནག་གཞུང་གི་ངོས་ནས་དེ་ལས་ཟློག་སྟེ་དུས་རྒྱུན་གནད་དོན་འདིའི་ཐོག་ལ་མཁྲེགས་པོ་དང་དམ་པོ་ཁོ་ན་བྱེད་པ་ལས་ཞི་འཇམ་གྱི་རྣམ་པ་གང་ཡང་མཐོང་རྒྱུ་མེད། ཉེ་ཆར་རྟ་དབང་ཁུལ་དུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་འཁྲུག་འཛིངས་ཤོར་བ་བཞིན། མ་འོངས་པར་ཡང་ས་མཚམས་ཀྱི་གནད་དོན་ཐོག་ནས་འདི་ལས་ཆེ་བའི་རྩོད་རྙོག་དང་དམག་འཁྲུག་འཆོར་རྒྱུའི་ཉེན་ཁ་ཆེན་པོར་གྱུར་ཡོད།

མདོར་ན་རྒྱ་གར་གཞུང་གི་ངོས་ནས་བོད་དང་རྒྱ་གར་གྱི་ས་མཚམས་རྩོད་རྙོག་ཐོག་ནས་ཕྱི་ལོ་༡༩༡༤ ལོར་རྒྱ་གར་དབྱིན་ཇིའི་གཞུང་དང་བོད་ཀྱི་བར་བཞག་པའི་ཤིང་སྟག་སིམ་ལའི་ཆིངས་ཡིག་དེ་གླེང་སློང་མི་བྱེད་པ་དང་། སྡུག་ཕྱོགས་ནས་བཤད་ན་དེ་ནི་ནུས་མེད་དུ་བརྩི་བ་ལྟ་བུའི་རྣམ་པ་ཡོད། གོང་གསལ་ས་མཚམས་ཀྱི་གནད་དོན་དང་འབྲེལ་ནས་རྩོད་རྙོག་བྱུང་སྐབས། རྒྱ་གར་གཞུང་གི་ངོས་ནས་ཤིང་སྟག་སིམ་ལའི་ཆིངས་ཡིག་སྐབས་བྱུང་བའི་མེཀ་མཱ་ཧོན་ས་ཐིག་(McMahon Line)འདི་ལོ་རྒྱུས་དང་འབྲེལ་བའི་ཐོག་ནས་ཁྲིམས་མཐུན་གྱི་གཞི་འཛིན་ས་ཉག་གཅིག་ཏུ་གྱུར་ཡོད་པས། གནད་དོན་འདི་ཟུར་འཇོག་བྱས་ནས་གོང་གསལ་གྱི་ས་ཆ་དེ་དག་གི་བདག་དབང་བཤད་ན་ལོ་རྒྱུས་ཐོག་ནས་ཁྲིམས་མཐུན་གྱི་གནས་བབས་མཐོང་ཁག་པོར་གྱུར་ཡོད། བོད་ཀྱི་ངོས་ནས་བཤད་ན་སིམ་ལའི་ཆིངས་ཡིག་ཐོག་ནས་བོད་ལ་ཁེ་གྱོང་ག་རེ་བྱུང་ཡོད་ཀྱང།བོད་རང་བཙན་ཡོད་པའི་སྐབས་སུ་ཁྲིམས་མཐུན་གྱིས་བཞག་པའི་ཆིངས་ཡིག་ཅིག་ཡིན་པས་ངེས་པར་དུ་རྩ་འཛིན་བྱེད་དགོས་པ་ཞིག་རེད།།

Share this:

Leave a Reply