བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྡེ་ཚན་རྒྱ་གར་དུ་བཙུགས་ནས་ལོ་༡༥ འཁོར་བ།

བོད་རང་བཙན་སློབ་ཕྲུག་ཚོགས་པ་ཨ་རིར་བཙུགས་ན་ལོ་༢༡ འཁོར་གྱི་ཡོད་དང། རྒྱ་གར་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཙུགས་ནས་ལོ་༡༥ འཁོར་བའི་དུས་དྲན་ཆེད་ཕྱི་ཟླ་༡༠ ཚེས་༣༡ དགོང་མོ་གསོལ་སྟོན་ཞིག་གོ་སྒྲིག་བྱས་པ་དང་། ཉིན་དེར་རྒྱ་གར་སྡེ་ཚན་གྱི་འགན་འཛིན་དུ་བསྟན་འཛིན་ཚེ་ལྷ་བསྐོ་བཞག་བྱས་ཡོད་པ་རེད།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་ཟུར་པ་བསྟན་རྡོར་ལ་ཐོག་མར་ཚོགས་པ་དེ་འགོ་བཙུགས་པའི་བརྒྱུད་རིམ་དང་། དམིགས་ཡུལ་སྐོར་བཅར་འདྲི་བྱས་པར། ཁོང་གིས། “༡༩༩༠ ནང་རྒྱལ་སྤྱིའི་ཐོག་གི་གཞོན་སྐྱེས་ཁྲོད་བོད་དོན་ལ་དོ་སྣང་ཤུགས་ཆེན་པོ་སླེབས་པ་དང་། ༡༩༨༩ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་རག་རྗེས་བོད་དོན་སྐོར་གྱི་གློག་བརྙན་སྐུ་མདུན་དང། བོད་ནང་གི་ལོ་བདུན་སོགས་སླེབས་པ་རེད། ཨ་རིའི་ནང་གི་གཞས་ཀྱི་རུ་ཁག་ཅིག་གི་གོ་སྒྲིག་འོག་བོད་རང་བཙན་གྱི་རོལ་དབྱངས་འདུ་འཛོམས་བྱས་ཏེ། ཨ་རིའི་ནང་སྐོར་བསྐྱོད་བྱས་པ་རེད། གཞས་པ་སྐད་གྲགས་ཅན་སྐད་བཏང་ཡོད་པ་དང་མི་མང་འབུམ་དེ་འདྲ་འཛོམས་རེད། དེའི་སྐབས་རྒྱལ་སྤྱིའི་ནང་གཞོན་སྐྱེས་ཚོར་བོད་དོན་ལ་དོ་སྣང་སླེབས་པ་སྐབས་བསྟུན། ༡༩༩༤ ལོར་ཨ་བོད་མཛའ་འབྲེལ་ཚོགས་པའི་བསོད་ནམས་དབང་འདུས་དང་། གཞས་ཀྱི་ཚོགས་པ་མི་ལ་རས་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ཀྱིས་སློབ་མ་ཚོར་བོད་དོན་ཐོག་ལས་ཀ་བྱེད་སའི་སྡིངས་ཆ་ཞིག་དགོས་ཀྱི་འདུག་ཅེས་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཙུགས་པ་རེད། ཨ་རི་ནས་འགོ་བཙུགས་ཏེ་རིམ་པའི་ཡུ་རོབ་དང་རྒྱ་གར་སོགས་ཀྱི་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཙུགས་ནས་ད་ལྟ་རྒྱལ་ཁབ་ལྔ་བཅུ་ལྷག་ཅིག་གི་ནང་ཡོད་པ་རེད་”ཅེས་གསུངས་སོང་།
བསྟན་རྡོར་གྱིས་མུ་མཐུད་གསུང་དོན། “དང་པོ་ལས་ཁུངས་ཆུང་ཆུང་ཞིག་ཨ་རིར་བཙུགས་པ་དང་། དེའི་སྐབས་ལས་བྱེད་Jon Hocerar དང་ཁོང་གི་མཉམ་དུ་ཉི་ཧོང་བ་ཨ་རིར་སྡོད་མཁན་ཞིག དེ་བཞིན་བོད་པ་ཐུབ་བསྟན་ལགས་སོགས་ཡོད་པ་རེད། དེ་རྗེས་བཀྲས་མཐོང་ལྷ་སྒྲོན་སོགས་མཉམ་ཞུགས་བྱས་པ་དང། དེའི་སྐབས་མང་ཆེ་བ་ཕྱི་རྒྱལ་བ་རེད། ཕྱི་རྒྱལ་འགོ་ཁྲིད་མཁན་ཚོས་ཚོགས་པ་དེའི་ནང་བོད་པ་མང་པོ་སླེབས་ཐབས་བྱས་ཏེ་ཕྱི་རྒྱལ་མི་དང་མཉམ་རུབ་ཡོང་ཐབས་བྱས་པ་མ་ཟད། བོད་པ་ཚོར་འགོ་ཁྲིད་ཐུབ་པའི་ཟབ་སྦྱོང་མང་པོ་སྤྲད་པ་དང། ད་ལྟ་ཕྱི་རྒྱལ་བ་མི་རིགས་འདྲ་མིན་མང་པོ་ཡོད་པ་དང་། འགོ་འཁྲིད་ཚོ་བོད་པ་ཡིན་པ་དེ་འདྲ་བྱུང་རེད་”ཅེས་གསུངས་སོང།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཨེ་ཤི་ཡའི་སྤྱི་ཁྱབ་འགན་འཛིན་རྡོ་རྗེ་ཚེ་བསྟན་ལ། ཚོགས་པ་དེ་བཙུགས་པའི་ཕན་ནུས་སྐོར་ལ་བཅར་འདྲི་བྱས་པར། ཁོང་གིས། “ཚོགས་པ་དེ་ཨ་རིར་བཙུགས་ནས་ལོ་༢༡ ཟིན་གྱི་ཡོད་པ་དང་། རྒྱ་གར་དུ་བཙུགས་ན་ལོ་༡༥ འཁོར་ཏེ། རྒྱ་གར་བ་མང་པོ་དང་བོད་པ་མང་པོ་འཛུལ་ཞུགས་བྱས་ནས་ཚོགས་པ་ཆེན་པོ་ཞིག་ཆགས་ཡོད་པ་རེད། དམིགས་བསལ་རྒྱ་གར་དང་བོད་མི་ཚང་མ་གཙོ་བོ་གཞོན་སྐྱེས་ཚོར་བོད་དོན་ངོ་སྤྲོད་བྱེད་རྒྱུའི་གོ་སྐབས་བྱུང་བ་དང། ཚོགས་པ་དེའི་དམིགས་ཡུལ་བོད་པས་འགོ་ཁྲིད་ཐུབ་པའི་ཆེད་དུ་ཡིན་པས། བཀྲས་མཐོང་ལྷ་སྒྲོན་དང་བསྟན་རྡོར་ཁོང་ཚོས་འགོ་བཙུགས་ཏེ་བོད་པས་འགོ་ཁྲིད་ཐུབ་པ་ཞིག་བྱུང་ཡོད་པ་རེད། ཕྱི་རྒྱལ་ཁག་གི་བོད་པའི་གཞོན་སྐྱེས་ཚོར་བོད་དོན་ཆེད་ལས་ཀ་བྱེད་རྒྱུར་ཕན་ཐོགས་བྱུང་ཡོད་པ་དང་། རྒྱ་གར་ཡིན་ནའང་མཐོ་སློབ་ཁ་ཤས་ནང་བོད་པ་སློབ་མ་རེ་ཟུང་ལས་མེད་ནའང་། ཁོང་ཚོས་སྣེ་ཁྲིད་དེ་རྒྱ་གར་བ་ཚོགས་མི་བསྡུ་རུབ་མང་པོ་བྱས་པ་སོགས་ཀྱི་ཕན་ནུས་བྱུང་ཡོད་པ་རེད་”ཅེས་གསུངས་སོང་།
ཚོགས་པ་དེའི་འགྲོ་སོང་གི་ཡོང་ཁོངས་སྐོར་ལ་བཅར་འདྲི་བྱས་པར། ཁོང་གིས། “བོད་རང་བཙན་སློབ་ཕྲུག་ཚོགས་པར་མི་མང་གིས་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་དང་། འགྲོ་བ་མིིའི་ཐོབ་ཐང་ཆེད་ཀྱི་ཐེབས་རྩ་ཁག་ཅིག་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། ལས་གཞི་གསར་པ་བོད་དོན་དང་འབྲེལ་བའི་གྱོན་ཆས་མང་པོ་བཟོས་ནས་ཚོང་འགྲེམས་བྱེད་ཀྱི་ཡོད་པ་དང་། མི་དཀྱུས་མ་ཞིག་ཡིན་ནའང་གྱོན་ཆས་དེ་ཚོ་གྱོན་ནས་བོད་དོན་ཁྱབ་བསྒྲགས་ཡོང་གི་ཡོད་རེད། ཕྱོགས་གཅིག་ནས་དཔལ་འབྱོར་ཡོང་ཁོངས་དང་། དེ་དང་མཉམ་དུ་བོད་དོན་ཁྱབ་བསྒྲགས་ཀྱང་ཡོང་གི་ཡོད་པ་རེད་”ཅེས་གསུངས་སོང་།
ཁོང་གིས་མུ་མཐུད་ལས་འགུལ་གྱི་ཕན་ནུས་སྐོར་གསུང་དོན། “བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལས་འགུལ། ཆབ་སྲིད་བཙོན་པ་གློད་གྲོལ་དང་འབྲེལ་བའི་ལས་འགུལ། རིག་གཞུང་དང་འབྲེལ་བའི་ལྷག་དཀར་ལས་འགུལ་ལྟ་བུ། ཁོར་ཡུག་དང་འབྲེལ་བའི་བོད་ནང་གི་གཏེར་ཁ་སྔོགས་འདོན་ལ་ངོ་རྒོལ། བོད་ནང་དུ་བོད་མིར་མི་ཕན་པའི་རྒྱ་ནག་གི་འཛུགས་སྐྲུན་ལ་ངོ་རྒོལ་ལས་འགུལ་སོགས་རྒྱལ་སྤྱིིའི་ཐོག་ཤུགས་ཆེན་པོ་སྤེལ་བ་རེད། རྒྱ་ནག་དམར་ཤོག་ཚོགས་པས་དངུལ་འབོར་ཆེན་བཏང་ནས་ཕྱི་རྒྱལ་ཁག་གི་སློབ་གྲྭའི་ནང་རྒྱ་ཡིག་སློབ་ཀྱི་ཡོད་པའི་མིང་ཐོག་ནས། སློབ་གྲྭ་དེ་ཚོའི་ནང་བོད་དོན་དང་ཐའེ་ཝན་གྱི་གནད་དོན་སོགས་བཤད་རྒྱུ་བཀག་འགོག་བྱེད་ཀྱི་ཡོད་པ་རེད། སྐྱབས་མགོན་རིན་པོ་ཆེ་སློབ་གྲྭ་དེ་འདྲ་ནང་ཕེབས་རྒྱུ་སོགས་བཀག་འགོག་བྱེད་ཀྱི་ཡོད་པས། དེ་ཚོར་ལོ་གཉིས་རིང་ངོ་རྒོལ་ལས་འགུལ་སྤེལ་ཏེ། ད་ལྟ་ཨ་རི་དང་ཡུ་རོབ་ནང་དུ་སློབ་གྲྭ་བརྒྱད་དགུ་ཞིག་གི་ནང་རྒྱ་ནག་གི་ལས་གཞི་དེ་མཚམས་འཇོག་དགོས་བྱུང་བ་རེད། དེ་བཞིན་བོད་མི་ནང་ཁུལ་ལ་མཚོན་ན་གཞོན་སྐྱེས་བོད་ཡིག་བོད་སྐད་ཡག་པོ་མི་ཤེས་མཁན་མང་པོ་ཡོད་པ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནང་འཛུལ་ཞུགས་བྱས་ཏེ། བོད་དོན་ཆེད་ལས་ཀ་བྱེད་རྒྱུའི་གོ་སྐབས་དང་། བོད་དོན་ལ་ཐག་ཉེ་རུ་འགྲོ་བར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད་”ཅེས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།