བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་འགོ་ཁྲིད་ཟུར་པ་ཅི་གོ་ཀང་ལ་དུས་བཀག་བཙོན་འཇུག་ལོ་༡༣ དང་རྒྱ་སྒོར་ཁྲི་༣༠༠ ཆད་པ་བཅད་འདུག 

   ཕྱི་ཟླ་༡༢ ཚེས་༡༢ ཉིན་བོད་ལྗོངས་ཉིན་རེའི་ཚགས་པར་ཟེར་བས་གནས་ཚུལ་སྤེལ་གསལ།  ཁ་སང་ཕྱི་ཚེས་༡༡ ཉིན། སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཅི་གོ་ཀང་ཟེར་བས་ལྐོག་རྔན་བླངས་པ་དང་གཞུང་ཁོངས་ཀུང་སིའི་མི་སྣས་འགན་དབང་གང་བྱུང་དུ་སྤྱད་པའི་གྱོད་གཞིར་འདྲི་གཅོད་ཐེངས་དང་པོ་བྱས་པའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ཤིང་། ཞུ་སྦྱོར་ཕྱི་མ་ཅི་གོ་ཀང་གིས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པས་དུས་བཀག་བཙོན་འཇུག་ལོ་བཅུ་གཅིག་བྱ་རྒྱུ་དང་འབྲེལ་དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་སུམ་བརྒྱ་གཏོང་རྒྱུ་དང་། གཞུང་ཁོངས་ཀུང་སིའི་མི་སྣས་འགན་དབང་གང་བྱུང་དུ་སྤྱད་པའི་ཉེས་པ་བསགས་པར་དུས་བཀག་བཙོན་འཇུག་ལོ་ལྔ་བྱ་རྒྱུ་ཡིན་པ་ལས། མཐར་དུས་བཀག་བཙོན་འཇུག་ལོ་བཅུ་གསུམ་བྱ་རྒྱུ་དང་འབྲེལ་དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་སུམ་བརྒྱ་གཏོང་རྒྱུའི་ཐག་བཅད་ཡོད་འདུག་པ་དང་།  ཅི་གོ་ཀང་གིས་ལྐོག་རྔན་བླངས་པའི་རྒྱུ་དངོས་དང་འཕེལ་སྐྱེད་བཅའ་ཁྲིམས་ལྟར་བདའ་འདེད་བཏང་ནས་རྒྱལ་མཛོད་ལ་རྩིས་འབུལ་ཞུ་རྒྱུ་ཡིན་པ་རེད་ཅེས་དང་། 

མུ་མཐུད་བརྗོད་དོན། ཞིབ་གཅོད་བྱས་རྗེས་གསལ་རྟོགས་བྱུང་བར། ༢༠༠༢ ལོ་ནས་༢༠༢༢ ལོའི་བར་ཞུ་སྦྱོར་ཕྱི་མ་ཅི་གོ་ཀང་གིས་དེ་སྔ་རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ཨུ་ལྷན་མ་འཇོག་སིའི་ལས་རོགས་སྐོར་ཞིབ་པ་དང་། རྒྱལ་ཁབ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་གཏན་འཇགས་རྒྱུ་ནོར་མ་འཇོག་སིའི་ལས་རོགས་སྐོར་ཞིབ་པ་དང་སི་ཀྲང་གཞོན་པ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཏང་ཙུའི་ཁོངས་མི། བོད་རང་སྐྱོང་ལྗོངས་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན། བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིའི་འགན་འཛིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སོགས་བྱེད་སྐབས་གོ་གནས་ཀྱི་སྟབས་བདེ་སྤྱད་པའམ་ཡང་ན་དེའི་འགན་དབང་དང་གནས་བབ་ལས་བྱུང་བའི་སྟབས་བདེ་སྤྱད་དེ། ལས་གྲྭ་འགན་གཙང་ལེན་པ་དང་། རྣམ་གྲངས་ལ་ཞིབ་མཆན་འགོད་པ། རྐང་དབང་བརྒྱུད་བཤུག་གཏོང་བ་སོགས་ཀྱི་ཐད་འབྲེལ་ཡོད་ཚན་པ་དང་མི་སྒེར་ལ་ཁེ་ཕན་གཉེར་ནས་ཁྲིམས་འགལ་ངང་རྒྱུ་དངོས་མི་དམངས་ཤོག་སྒོར་ལ་ཕབ་ན་ཁྱོན་བསྡོམས་སྒོར་ཁྲི་༤༣༩༨ ལྷག་བླངས་ཡོད་པ་དང་། ༢༠༡༦ ལོ་ནས་༢༠༢༡ ལོའི་བར་ཅི་གོ་ཀང་གིས་བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི་ཟེར་བའི་འགན་འཛིན་དང་ཁྲིམས་གཏན་འཁེལ་བའི་འཐུས་མིའི་འགན་འཁུར་རིང་། ཆེད་སྤྱོད་མ་དངུལ་དོ་དམ་བྱེད་པ་སོགས་ཀྱི་ཐད་ཉེར་ཕྱོགས་ལ་གཡོ་ཟོལ་དང་འགན་དབང་གང་བྱུང་དུ་སྤྱད་པས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གྱོང་གུན་ཧ་ཅང་ཆེན་པོ་བཟོས་ཡོད་པ་རེད་ཅེས་བརྗོད་འདུག དེ་བཞིན་ཁྲེང་ཏུའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ངོས་འཛིན་བྱས་དོན། ཞུ་སྦྱོར་ཕྱི་མ་ཅི་གོ་ཀང་གི་བྱེད་སྤྱོད་དེ་ལྐོག་རྔན་བླངས་པའི་ཉེས་པ་དང་གཞུང་ཁོངས་ཀུང་སིའི་མི་སྣས་འགན་དབང་གང་བྱུང་དུ་སྤྱད་པའི་ཉེས་པ་གྲུབ་ཡོད། ཅི་གོ་ཀང་གིས་ལྐོག་རྔན་བླངས་པའི་གྲངས་འབོར་ཧ་ཅང་མང་བ་དང་། གཞུང་ཁོངས་ཀུང་སིའི་མི་སྣ་ཡིན་རུང་ཉེར་ཕྱོགས་གཡོ་ཟོལ་གྱིས་འགན་དབང་གང་བྱུང་དུ་སྤྱད་པས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གྱོང་གུན་ཧ་ཅང་ཆེན་པོ་བཟོས་པར་བརྟེན་ཁྲིམས་ལྟར་ཉེས་ཆད་གཏོང་དགོས། འོན་ཀྱང་ཅི་གོ་ཀང་གིས་ལྐོག་རྔན་བླངས་པའི་ཉེས་པའི་ནང་བྱས་ཉེས་མ་འགྲུབ་པའི་གནས་ཚུལ་ཡོད་པ་དང་གྱོད་གཞི་ཐོན་རྗེས་ནག་ཉེས་སྦ་གསང་མེད་པར་ངོས་ལེན་ཞུས་པ་དང་། གྱོད་སྒྲུབ་ལས་ཁུངས་ཀྱིས་ད་དུང་ཁོང་དུ་ཆུད་མེད་པའི་ལྐོག་རྔན་བླངས་པའི་དོན་དངོས་རང་འགུལ་ངང་ངོས་ལེན་ཞུས་པས། ལྐོག་རྔན་བླངས་པའི་ཉེས་པ་དེ་བྱས་ཉེས་རང་ཞུའི་ཁོངས་སུ་གཏོགས་པ་དང་། རང་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་པ་དང་། ཧམ་ཟོས་བྱས་པའི་རྒྱུ་དངོས་ཕྱིར་སློག་ཧུར་ཐག་བྱས་པ། ལྐོག་རྔན་བླངས་པའི་རྒྱུ་དངོས་དང་འཕེལ་སྐྱེད་ཚང་མ་འདེད་ལེན་ཐུབ་པས། ཁྲིམས་ལྟར་ཉེས་ཆད་ཡང་གཅོད་བྱེད་ཆོག དེར་བརྟེན་ཁྲིམས་རས་གོང་གསལ་གྱི་ཁྲིམས་ཐག་བཅད་པ་རེད་ཅེས་བཀོད་འདུག

གསར་འགོད་པ། བསྟན་འཛིན་ལམ་བཟང་།