བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་བོད་རིཌ་གཉིས་གསར་འདེམས་དང་ཆེ་དགྲ་ལྷར་ཞིབ་བཤེར།

པར་དང་པོ། ཡན་ཅིའི་ཧའེ། པར་གཉིས་པ། ཀརྨ་ཚེ་བརྟན། པར་གསུམ་པ། ཆེ་དགྲ་ལྷ།

ཟླ་འདིིའི་ཚེས་༢༢ཉིན་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་བཀོད་པའི་གནས་ཚུལ་ལྟར་ན། གོང་ཚེས་ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཙོ་འཛིན་དུ་གསར་འདེམས་བྱས་པ་དང་།དེ་བཞིན་བོད་རིགས་ཡིན་པ་ཡན་ཅིན་ཧའེ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་དུ་གསར་འདེམས་བྱས་ཡོད་པར་བརྗོད་འདུག 

ཀརྨ་ཚེ་བརྟན་ནི་ཕྱི་ལོ་༡༩༦༧ཟླ་བ་༡༢ནང་བོད་ཀྱི་ཁམས་འཇོ་མདའ་རུ་སྐྱེས་ཤིང་།སློབ་ཆེན་གྱི་སློབ་རྒྱུས་ལྡན། སྤྱི་པའི་དོ་དམ་ཤེས་རམས་པ་དང་། ཀྲུང་གུང་ཏང་ཡོན། ད་ལྟ་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རྗེས་སྣོན་ཨུ་གཞོན་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཙོ་འཛིན་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་གཙོ་འཛིན་ཡིན་པར་བརྗོད་འདུགདེ་བཞིན་ཡན་ཅིའི་ཧའེ་ནི་༡༩༦༢ ནང་མཚོ་སྔོན་མཚོ་ཤར་ཕྱོགས་སུ་སྐྱེས་པའི་བོད་རིགས་ཤིག་ཡིན་འདུག སློབ་ཆེན་ཐོན་རྗེས། རྩོམ་རིག་ཤེས་རམས་པ་དང་། དམར་ཤོག་ཚོགས་མི། ད་ལྟ་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་འགན་འཛིན་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགན་འཛིན། དེ་བཞིན་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཛིན་སོགས་ཡིན་འདུག དེ་བཞིན་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༢༣ ཉིན། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་དང་། རྒྱ་ནག་རྒྱལ་ཡོངས་གྲོང་གསེབ་དང་ཞིང་ལས་ལྷན་ཁང་གི་འགོ་གཙོ་གཞོན་པའི་འགན་འཁུར་བཞིན་པ་བོད་རིགས་འགོ་ཁྲིད་ཆེ་དགྲ་ལྷར། སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་ཡོད་སྐོར་བརྗོད་ནས། ད་ཆར་ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ལྷན་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་པ་ཡིན་པར་བརྗོད་འདུག ཆེ་དགྲ་ལྷས་བོད་རིགས་ཀྱི་འགོ་ཁྲིད་མཐོ་གྲས་ཤིག་དང་། དེ་སྔོན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་གཙོ་འཛིན་གཙོས་པའི་དམར་ཤོག་གི་ལས་ཀ་མང་པོ་བྱས་ཡོད་པ་རེད། སྤྱིར་རྒྱ་ནག་དམར་ཤོག་གཞུང་གིས་ཁོང་ཚོ་དང་ལྟ་བ་སོགས་མི་མཐུན་པའི་འགོ་ཁྲིད་མང་པོ་ཞིག་ལ་ནག་ཉེས་ཁ་གསལ་མེད་པར་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་མིང་འོག་མེད་པ་བཟོས་དང་བཟོ་བཞིན་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ལམ་བཟང་།