བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུ་དབྱིན་ཇི་དམར་ཤོག་ཚོགས་པ་ནས་ཕྱིར་འབུད་བཏང་ཡོད་འདུག 

བོད་རང་སྐྱོང་ལྗོངས་ཟེར་བ་དེའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་དང་། འདས་པའི་མི་ལོ་༤༧ རིང་བོད་ནང་ལས་ཀ་བྱས་མྱོང་མཁན་རྒྱ་ནག་གི་འགོ་ཁྲིད་ཝུ་དབྱིན་(Wu Yingjie)ཟེར་བ་དེ་ཡིས་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཚབས་ཆེན་འགལ་ཡོད་པའི་ཉེས་འཛུགས་འོག་དམར་ཤོག་ཚོགས་པ་ནང་ཕྱིར་འབུད་བཏང་ཡོད་འདུག

ཕྱི་ཚེས་༡༠ ཉིན་རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་(China Daily)དང་བོད་ལྗོངས་ཉིན་རེའི་ཚགས་པར་བཅས་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། དེ་ཡང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་དབྱིང་ཅེ་ (Wu Yingjie )ལ་འདི་ལོའི་ཕྱི་ཟླ་ ༦ པ་ནས་བཟུང་དམར་ཤོག་ཚོགས་པའི་ཁྲིམས་སྒྲིག་དང་འགལ་བའི་ལས་དོན་སྤེལ་བའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་པའི་ཁྲོད། རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཚེས་༡༠ ཉིན་གཞུང་འབྲེལ་གསལ་བསྒྲགས་སྤེལ་ཏེ་སྐབས་བཅུ་བཞི་པའི་རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་རིག་གནས་ལོ་རྒྱུས་དང་སློབ་གསོ་ལས་ཁུངས་ཀྱི་འགན་འཛིན་ཝུ་དབྱིན་ཅེ་(Wu Yingjie )ཡིས་ཏང་ལ་བློ་དཀར་གཞུང་དྲང་མེད་པ་དང་། ཕུགས་བསམ་དང་དད་སེམས་ཉམས་པ། ལྷག་པར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་དང་འགལ་བའི་ལས་དོན་ཚབས་ཆེན་བྱས་པའི་ཉེས་མིང་འོག་དམར་ཤོག་ཚོགས་པའི་སྐྱིད་སྡུག་དང་། ལས་གནས་ནས་ཕྱིར་འབུད་ཀྱི་ཉེས་ཆད་བཅད་ཡོད་པར་བརྗོད་འདུག་པ་མ་ཟད། ཁོ་པས་དུས་རབས་གསར་པའི་རྒྱ་ནག་དམར་ཤོག་ཚོགས་པས་སྐྱོང་བའི་ཐབས་བྱུས་ལག་བསྟར་མ་བྱས་པ་དང་འཛུགས་སྐྲུན་ལས་གཞི་སྣ་མང་ནང་ཐེ་གཏོགས་བྱས་ཏེ་སྒེར་གྱི་ཁེ་ཕན་བསྒྲུབས་པ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་ཟེར་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གནོད་སྐྱེལ་ཚབས་ཆེན་པོ་བཏང་ཡོད་ལུགས་ཀྱི་སྐྱོན་བརྗོད་བྱས་ཡོད་འདུག

ཚེས་༡༠ ཉིན་སྤེལ་བའི་གསར་འགྱུར་དེའི་ནང་ཝུའུ་དབྱིང་ཅེ་(Wu Yingjie )ཡིས་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་རྒྱ་སྐྱེད་བཏང་སྟེ་ས་གནས་ཆབ་སྲིད་ཀྱི་ཁོར་ཡུག་ལ་གཏོར་བཤིག་བཏང་བ་དང་། སྒྲིག་སྲོལ་དང་འགལ་བའི་སྒོ་ནས་གསོལ་སྟོན་ལ་ཞུགས་པ་མ་ཟད། རང་གི་དབང་ཆ་ལོག་སྤྱོད་བྱས་ནས་ནང་མིར་དམིགས་བསལ་གྱི་ཁེ་ཕན་དོན་གཉེར་བྱས་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ཏེ་ལྐོག་ངན་བླངས་པའི་དོགས་གཞི་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུའང་སྡུག་ཚོད་མ་ཟིན་པ་དང་སྡུག་ལག་མ་བསྐུབས་པར། ངོ་བོ་ཚབས་ལྕི་བ་དང་ཤུགས་རྐྱེན་ངན་པ་བཟོས་ཡོད་པས་ཐག་གཅོད་ནན་པོ་བྱེད་དགོས་པ་སོགས་བརྗོད་འདུག དེ་བཞིན་སྤྱི་པའི་དབང་ཆ་སྒེར་སྤྱོད་ཀྱིས་ཁྲིམས་འགལ་ཐོག་རྒྱུ་དངོས་འབོར་ཆེན་བླངས་པ་སོགས་ཀྱི་ནག་ཉེས་བཙུགས་ཡོད་འདུག ཁོ་ལ་ཞིབ་བཤེར་བྱེད་དུས་ཁོ་རང་ཉིད་ལ་ནག་ཉེས་མེད་པའི་སྐོར་འགྲེལ་བརྗོད་བྱེད་ཀྱི་མེད་པ་དང་། དཔང་རྟགས་མེད་པ་སོགས་བརྗོད་ཡོད་འདུག ཁོ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཁོ་པ་གཞུང་གི་ལས་གནས་ནས་ཕྱིར་འབུད་གཏོང་རྒྱུའི་ཆད་པ་གཅོད་རྒྱུ། ཁོ་པའི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་། དེའི་ཉེས་གསོག་གི་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་གབཤེར་གཞུང་གཏུག་བྱ་རྒྱུར་རྩིས་སྤྲོད་རྒྱུ་དང་། འབྲེལ་ཡོད་ཀྱི་རྒྱུ་དངོས་ཀྱང་མཉམ་དུ་རྩིས་སྤྲོད་རྒྱུ་བཅས་ཡིན་འདུག རང་ལོ་༦༩ ཡིན་པའི་ཝུ་དབྱིན་ (Wu Yingjie )་ནི་རྒྱ་ནག་གི་(Shandong)ཧྲང་ཏུང་ཞིང་ཆེན་ནས་ཡིན་འདུག་ཅིང་། ཕྱི་ལོ་༡༩༧༤ ལོར་ལས་ཀ་བྱེད་འགོ་བཙུགས་ཡོད་འདུག ཕྱི་ལོ་༡༩༨༧ ལོར་དམར་ཤོག་ཚོགས་པ་ནང་འཛུལ་ནས་ཕྱི་ལོ་༡༩༧༤ ནས་༢༠༢༡ བར་ཁྱོན་ལོ་༤༧ རིང་བོད་ནང་ལས་གནས་འདྲ་མིན་ཐོག་ལས་ཀ་བྱས་མྱོང་ཡོད་འདུག ལས་གནས་ཁྲོད་བོད་རང་སྐྱོང་ལྗོངས་ཟེར་བ་དེའི་སློབ་གསོ་ལྷན་ཁང་གི་དྲུང་ཆེ་གཞོན་པ་དང་། དྲིལ་བསྒྲགས་ལྷན་ཁང་གི་འགན་འཛིན། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་གཞོན་པ། དེ་བཞིན་ཕྱི་ལོ་ ༢༠༡༦ ནས་ ༢༠༢༡ བར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེའི་ལས་གནས་ཐོག་ལས་ཀ་བྱས་མྱོང་ཡོད་པ་དང་། དེ་རྗེས་ཕྱི་ལོ་ ༢༠༢༡ ནས་བཟུང་ཁོ་པ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་སློབ་གསོ་དང་ཚན་རིག་རིག་གནས་འཕྲོད་བསྟེན་ལས་ཁུངས་ཀྱི་འགན་འཛིན་དང་། སྐབས་བཅུ་བཞི་པའི་རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་རིག་གནས་ལོ་རྒྱུས་དང་སློབ་གསོ་ལས་ཁུངས་ཀྱི་འགན་འཛིན་གྱི་ལས་གནས་བཟུང་ཡོད་འདུག 

ཝུའུ་དབྱིང་ཅེ་(Wu Yingjie )ཡིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་དམར་ཤོག་ཚོགས་པའི་དྲུང་ཆེའི་ངོ་བོའི་ཐོག་ལས་ཀ་བྱེད་པའི་སྐབས་སུ་བོད་ནང་ཆེས་དྲག་གནོན་དང་སྡུག་རྩུབ་ཆེ་བའི་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ཤུགས་ཆེར་སྤེལ་ཡོད་པ་མ་ཟད། དུས་རྟག་ཏུ་ཏཱ་ལའི་ཁ་བྲལ་རུ་ཚོགས་ལ་གདོང་ལེན་ནན་པོ་བྱ་དགོས་པར་བཤད་དེ་༸གོང་ས་མཆོག་ལ་མཚན་སྨད་ཤུགས་ཆེ་ཞུ་མཁན་ཞིག་ཀྱང་ཡིན་པ་རེད། དེའི་ཁྲོད་ཕྱི་ལོ་ ༢༠༢༢ ལོར་ཨ་རིའི་ནོར་སྲིད་ལྷན་ཁང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་ཚབས་ཆེན་བཏང་བའི་གནད་དོན་འོག ཝུའུ་དབྱིང་(Wu Yingjie )དང་བོད་རང་སྐྱོང་ལྗོངས་ཉེན་རྟོག་སྤྱི་ཁྱབ་གཙོ་འཛིན་ཀྲང་ཧུང་པོ་(Zhang Hongbo )གཉིས་ལ་སྲིད་དོན་ཉེས་ཆད་བཀལ་ཏེ། དཔོན་རིགས་གཉིས་པོའི་ཨ་རི་ནང་ཡོད་པའི་རྒྱུ་དངོས་དང་དངུལ་དངོས་སྤྲོད་ལེན་གྱི་ལས་དོན་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་པ་རེད། 

གསར་འགོད་པ། བསོད་ནམས་ཕུན་ཚོགས།