བོད་རིགས་ཁ་ཆེ་བ།


ཨཱབ་དྷུལ་གྷ་ནི་ཤེ་ཧྐེ་(Abdul Ghani Sheikh)ཡིས་དབྱིན་ཡིག་ནང་བརྩམས།
ལ་དྭགས་བོད་ཁྱིམ་ནས་འགྱུར་མེད་ཚེ་རིང་གིས་བོད་སྒྱུར་བྱས།

Abu Bakrབོད་རིགས་ཁ་ཆེ་བ་ནི། རྒྱ་ནག་དང་། ཀཤྨིར། བལ་ཡུལ། དེ་བཞིན་ལ་དྭགས་བཅས་ནས་མཆེད་པའི་མི་རིགས་ཤིག་ཡིན། ཕྱི་ལོ་༡༩༥༠ ལོར་རྒྱ་ནག་དམར་པོའི་སྲིད་གཞུང་གི་དྲག་གནོན་དབང་སྒྱུར་བོད་ལ་བྱས་རྗེས། རྒྱ་ནག་ནས་མཆེད་པའི་ཁ་ཆེ་བ་རྣམས་ཕུད།  དེ་མིན་གྱི་ཁ་ཆེ་བ་རྣམས་རང་གི་ཕ་མེས་ཀྱི་རྒྱལ་ཁབ་ལ་བྲོས་བྱོལ་བྱེད་དགོས་བྱུང་།
འབུམ་རམས་པ་ཨ་བུ་བ་ར་ཀ་ཨ་མིར་ཨུ་དྷིན་(Dr Abu Bakr Amir-uddin)གྱིས་ཨུར་དྷུའི་སྐད་ཡིག་ཐོག་བརྩམས་པའི་དཔེ་དེབ་བོད་དང་བོད་རིགས་ཁ་ཆེ་བ་( Tibbat aur Tibbati Musalman)ཞེས་པ་དེའི་ནང་བརྗོད་གཞི་དེ་དང་འབྲེལ་བའི་བརྩམས་ཆོས་རྒྱས་ཤོས་དེ་ཆགས་ཡོད། ཕྱིས་སུ་ཁོང་གིས་བརྩམས་པའི་དེབ་དེ། ཕྱི་ལོ་༢༠༠༤ ལོར་དབྱིན་ཡིག་ཐོག་ཕབ་སྒྱུར་བྱས།
བོད་ནང་གི་ཁ་ཆེ་བའི་གྲས་ནས་ཕལ་ཆེ་བ་ནི་ཀཤྨིར་ནས་མཆེད་པའི་ཁ་ཆེའི་མི་རིགས་དེ་ཡིན། ཁོང་ཚོ་རྣམས་བོད་ཀྱི་གྲོང་ཁྱེར་ལྷ་ས་དང་། གཞིས་ཀ་རྩེ་གྲོང་ཁྱེར་ནང་གནས་སྡོད་བྱེད་ཀྱི་ཡོད།  ཀཤྨིར་ནས་གཞིས་སྤོས་བྱུང་བའི་ཁ་ཆེ་བ་ཁོང་ཚོ་རང་གིས་བརྗོད་སྲོལ་ལ། ༸གོང་ས་སྐུ་ཕྲེང་ལྔ་བ་ཆེན་པོས་བོད་ཀྱི་སྲིད་དབང་བདག་གིར་བཞེས་པའི་སྒང་སྟེ། ཕྱི་ལོ་བརྒྱ་ཕྲག་བཅུ་བདུན་ཙམ་ནས་བོད་ལ་ཡོང་བ་ཞིག་ཡིན་པ་འདོད་ཀྱི་ཡོད། སྐབས་དེ་དུས་ཀཤྨིར་གྱི་ས་ཕྱོགས་ལ་མུ་གེའི་གནས་སྟངས་ཆེན་པོ་བྱུང་ཡོད། ༸རྒྱལ་བ་ལྔ་པ་ཆེན་པོས་ཁོང་ཚོ་རྣམས་བོད་ལ་གཏན་སྡོད་ཆོག་པའི་གནང་བ་བསྩལ་བ་དང་། གཞི་རྩའི་དགོས་མཁོ་རྣམས་ཀྱང་སྦྱར་ཡོད། ཌོག་ར(Dogra) ས་ཀཤྨིར་ལ་བཙན་གནོན་དང་སྲིད་དབང་འཛིན་པའི་ལོ་རྒྱུས་དུས་རིམ་ནང་། ཀཤྨིར་གྱི་མི་མང་པོ་ཐག་ཉེའི་ཡུལ་གྲུ་ཁག་ལ་གཞིས་སྤོས་བྱས་ཡོད། དེའི་ཁྲོད་ལ་བོད་ཀྱང་ཚུད་ཡོད། །

བོད་ནང་གཞིས་ཆགས་པའི་ཁ་ཆེ་བ་གཞན་བཞིན། ཀཤྨིར་ནས་གཞིས་སྤོས་བྱེད་པའི་ཁ་ཆེ་བ་ཚོས་ཀྱང་བོད་ཀྱི་ཡུལ་གོམས་གཤིས་ལུགས་དང་སྐད་ཡིག ཆས་གོས། ཁ་ཟས་བཅས་བདག་གིར་བཞེས་ནས་རང་བརྒྱུད་ལ་བྱང་གོམས་བྱས་ཡོད། འབུམ་རམས་པ་ཨ་བུ་བ་ར་ཀ(Dr Abu Bakr) ས་བོད་ཀྱི་སྐད་ཡིག་དང་། རྩོམ་རིག སྒྱུ་རྩལ་ཐོག་ལ་ཁ་ཆེ་བ་ཚོས་བྱས་རྗེས་ཆེན་པོ་བཞག་པའི་མི་སྣ་འགའི་མིང་འདོན་བྱེད་པའི་ཁྲོད་ལ་ཕ་ཨེའི་ཛུལ་ལྷ་(Faizullah) ནི་གྲགས་ཆེ་ཤོས་ཤིག་ཡིན། ཁོང་གིས་བོད་དང་ལ་དྭགས་གཉིས་སུ་ཆེས་ཡོངས་གྲགས་ལྡན་པའི་ཁ་ཆེ་ཕ་ལུའི་བསླབ་བྱ་ཚིགས་བཅད་མ་དེ་བརྩམས་གནང་། དུས་རྒྱུན་ཕན་ཚུན་ཁ་བརྡ་བྱེད་པའི་སྐབས་དང་། བགྲོ་གླེང་གི་ཁྲོད་ལ་ཁོང་གི་བརྩམས་ཆོས་ནས་ཟུར་འདོན་བྱས་པའི་ཚིགས་བཅད་མང་པོ་ལུང་འདྲེན་བྱེད་སྲོལ་ཡོད། །

པི་ཝང་སྒྱུ་རྩལ་བ་བ་ཧྸེ་མུ་ཧི་ཨུ་དྷིན་(Bhai Mohi-ud-din)དང་། གླིང་བུ་གཏོང་མཁན་བ་ཧྸེ་མོ་ཧོ་མད་མུ་གུ་ཧུལ་(Bhai Mohmad Mughul)ནི་ཡོངས་གྲགས་ཆེ་བས། སྐུ་དྲག་དང་མཐོ་རིམ་མི་སྣས་སོ་སོའི་བཞུགས་གནས་སུ་འཁྲབ་སྟོན་གྱི་སླད་དུ་མགྲོན་འབོད་ཡང་ཡང་བྱེད་ཀྱི་ཡོད།  མ་ཟད་རོལ་དབྱངས་སྒྱུ་རྩལ་ལ་དོན་གཉེར་བྱེད་མཁན་ཚོར་སློབ་སྟོན་དང་སྣེ་ཁྲིད་ཀྱང་བྱས་མྱོང་ཡོད། ཆོས་ལུགས་ཀྱི་མགོ་ཁྲིད་པའི་གྲས་ནས། པིར་པུ་རཱུ་ལ་(Peer Puruala)དང་།  མཱུལ་ཝ་མཱུན་ཤི་བྷ་ཤིར་ཨེ་ཧྷེ་མད་(Maulvi Munshi Bashir Ahmad) དང་།  ཧ་ཇྷི་ཨབ་དྷཱུལ་གྷ་ནི་ནན་གྰ་རཱུ་(Haji Abdul Ghani Nangaru)བཅས་ནི། མཁྱེན་ཡོན་དང་དོན་གཉེར་ཅན་ཤ་སྟག་ཡིན།།

Abu Bakr 1ཕྱི་ལོ་༡༩༥༩ ལོའི་བོད་ལ་གཏོར་བརླག་ཆེན་པོའི་རྗེས། ཀཤྨིར་ནས་མཆེད་པའི་བོད་རིགས་ཁ་ཆེ་བ་ཕལ་ཆེ་བས་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཞབས་རྗེས་སུ་བསྙེགས་ནས་རྒྱ་གར་ལ་གྱར་དགོས་བྱུང་། ཁོང་ཚོ་རྣམས་སླར་ཡང་ཤྲཱི་ནཱ་གར་དང་། ཀཤྨིར་གྱི་ཕྱོགས་ལ་གནས་གཞི་སྐྱར་འཛུགས་བྱེད་དགོས་པ་ཆགས་པ་དང་། ཁྱིམ་ཚང་ཁ་ཤས་སའོ་དྷི་ཨ་ར་བྷི་ཡ་(Saudi Arabia)དང་། ལ་ལ་བལ་ཡུལ། ལ་ཤས་ཀ་སྦུག་དང་རྡོ་རྗེ་གླིང་བཅས་ལ་ཡང་གཞིས་ཆགས་ཡོད། །
འབུམ་རམས་པ་ཨ་བུ་བ་ར་ཀ(Dr Abu Bakr) ས་བརྗོད་པར་གཞིགས་ན། ཕྱི་ལོ་༡༩༥༩ སྐབས་བོད་ལ་རྒྱ་ནག་ནས་མཆེད་པའི་ཁ་ཆེ་བ་༩༠༠ ཙམ་ཡོད། ཁོང་ཚོ་རྣམས་ནི་ཟི་ཁྲོན་དང་། ཟི་ལིང་དང་། དེ་བཞིན་རྒྱ་ནག་གི་མཐའ་མཚམས་ཡུལ་གྲུ་ནས་མཆེད་པ་ཞིག་ཆགས་ཡོད།
ལ་དྭགས་དང་བལ་ཡུལ་ནས་མཆེད་པའི་ཁ་ཆེ་བའི་ཁྱིམ་ཚང་ཁ་ཤས་ནི། ཁོང་ཚོའི་ཕ་མེས་ཀྱི་དུས་ནས་བོད་ལ་ཚོང་གི་ཆེད་དུ་འབྲེལ་བ་བྱུང་རྗེས་གཞིས་ཆགས་པ་ཞིག་ཡིན།

Abu Bakr 2བོད་རིགས་ཁ་ཆེ་བ་མང་དག་ཅིག་ནི། ཕྱི་ལོ་༡༨༤༡ ལོར་བོད་དང་ཌོག་རའི་དམག་འཁྲུག་སྐབས་ཌོག་རའི་དམག་མི་ཚོར་ཕམ་ཉེས་བྱུང་རྗེས། བོད་དུ་བཙོན་ལ་ཚུད་པའི་གྲས་ཀྱི་དམག་མིའི་རྒྱུད་པ་ཡིན། ཌོག་རའི་དམག་སྤྱི་ཛོ་ར་ཝར་སིང་(Zorawar Singh) གིས་བོད་ཕྱོགས་ལ་སྣེ་ཁྲིད་པའི་དམག་གི་ཁྲོད་ལ་ཌོག་རའི་མི་དང་། ལ་དྭགས་པ། སྦལ་ཏི་ནས་ཡིན་པའི་ཁ་ཆེའི་མི་རིགས་བཅས་ཚུད་ཡོད། ཌོག་རའི་དམག་སྤྱི་ཛོ་ར་ཝར་སིང་(Zorawar Singh) ནི། བོད་དང་ཌོག་རའི་དམག་འཁྲུག་སྐབས་བོད་དུ་དམག་གིས་བསད་པ་ཟད། ཁོང་གིི་དམག་མི་༡༠༠༠ ཙམ་ཡང་བོད་པས་བཙོན་འཇུག་བྱས་ཡོད། བཙོན་འཇུག་བྱེད་པའི་དམག་མིའི་ཁོངས་ལ་ལ་དྭགས་པ་དང་། སྦལ་ཏི་བ་མང་པོ་ཡོད། ཁོང་ཚོས་བོད་པ་འབྱོར་ལྡན་པའི་ཁྱིམ་ཚང་ནང་ངལ་རྩོལ་དང་ཞིང་ལས་འདེབས་འཛུགས་ཀྱི་ལས་ཀ་བྱས་རྗེས། བོད་ལ་གཏན་འཇགས་གནས་སྡོད་བྱེད་ཡོད།  ཁོང་ཚོ་མང་པོས་བོད་ཀྱི་བུད་མེད་དང་མཉམ་བཟའ་ཚང་བསྒྲིགས་པའི་གནང་སྟངས་ཀྱང་བྱུང་།   ཀཤྨིར་ནས་མཆེད་པའི་བོད་རིགས་ཁ་ཆེ་བས་ཤུགས་རྐྱེན་འོག  ཧིན་དྷུའི་ཆོས་དད་པ་ཌོག་རའི་དམག་མི་མང་པོས་ཁ་ཆེའི་ཆོས་ལུགས་ནང་ཞུགས་ཡོད་པ་དང་། ཁོང་ཚོར་སིང་པ་ཁ་ཆེ་བའམ་ཌོག་ར་ཁ་ཆེ་བ་ཞེས་བརྗོད་སྲོལ་ཡོད། སིང་(Singh)ནི་ལེགས་སྦྱར་གྱི་མིང་ཚིག་ཅིག་ཡིན། དེའི་དོན་ལ་སེང་གེ་ཞེས་བརྗོད། སིང་པ་(Sikh)རྣམས་དང་། ཧིན་དྷུའི་ཆོས་དད་པ་མང་པོས་སོ་སོའི་མཚན་གྱི་མཉམ་དུ་སིང་(Singh) ཞེས་པའི་མིང་དེ་མཉམ་སྦྱར་བྱེད་ཀྱི་ཡོད། དེའི་མཚོན་དོན་ནི་མི་སྐྲག་པའང་མི་འཇིགས་པ་ལ་གོ་བར་བྱེད།།
འབུམ་རམས་པ་ཨ་བུ་བ་ར་ཀ(Dr Abu Bakr) ས་བརྩམས་པའི་དཔེ་དེབ་ཀྱི་ནང་ན། སིང་པའི་ཁྱིམ་ཚང་གི་ཁོངས་ནས་ལ་ལས་༸རྒྱལ་བ་རིན་པོ་ཆེའི་གསོལ་ཐབ་ལ་གསོལ་ཀྲུམ་མཁོ་སྤྲོད་གནང་གི་ཡོད། ཁོང་ཚོར་ལྗགས་སྨིན་ཞེས་འབོད་སྲོལ་ཡོད། ཁོང་ཚོའི་རྒྱུད་པ་ཡིན་པའི་མི་རིགས་ཚོར་ད་ལྟའང་རང་ཉིད་ཀྱི་མཚན་དང་མཉམ། ལྗགས་སྨིན་ཞེས་པའི་ཐ་སྙད་དེ་སྦྱོར་སྲོལ་མཆིས།

ལ་དྭགས་ནས་མཆེད་པའི་བོད་རིགས་ཁ་ཆེ་བའི་ཁྱིམ་ཚང་གི་ཁོངས་ནས། གོ་ཆ་(Khawja)ནི་ཅུང་ཡོངས་གྲགས་ཆེ་བ་ཞིག་ཡིན། ཁོང་ཚོའི་ཁྱིམ་ཚང་ནས་མི་སྣ་ཁ་ཤས་བོད་དུ་ཡང་ཡང་བསྐྱོད་ནས། ཚོང་གིི་ལས་དོན་གཉེར་གྱི་ཡོད། དེའི་ཁྲོད་ནས་ཧ་ཇྷི་ཨུ་མར་ཤྷེ་( Haji Umar Shah) ནི་གཅིག་ཡིན། ཁོང་ལྷ་སར་རྒྱུན་དུ་བཞུགས་ཤིང་། ལྷ་ས་དང་གཞིས་རྩེ་གཉིས་སུ་ས་ཆ་ཡོད་པས། ཁོང་གི་མི་རྒྱུད་ཚོས་གནས་དེ་གཉིས་ལ་བཅའ་སྡོད་བྱེད་ཀྱི་ཡོད། མ་ཟད་གོ་ཆའི་ (Khawja) ཁྱིམ་ཚང་ལ་བོད་ཀྱི་ལྷ་ས་དང་གཞིས་རྩེ་ཙམ་མ་ཡིན་པར་ནུབ་བརྒྱུད་ཚོང་གི་བསྟི་གནས་མངའ་རིས་རུ་ཐོག་ཏུའང་བཞུགས་གནས་ཁང་པ་ཡོད་པ་ཡིན།

གོ་ཆ་(Khawja) ཁོང་ཚོའི་ནང་མི་བཞིས་དབྱིན་ཇི་སྲིད་གཞུང་ལ་ཞབས་འདེགས་ཀྱི་ལས་དོན་བྱས་པས། དབྱིན་ཇའི་སྲིད་གཞུང་གི་ཁོང་ཚོར་ཁཱན་བྷ་དུར་(Khan Bahadur) ཞེས་པའི་མཚན་གནས་གསོལ་ཡོད། མི་སྣ་བཞི་དེའི་གྲས་ནས་གཉིས་ནི་ཧ་ཇྷི་ཕ་ཨེའི་ཛུལ་ལྷ་(Haji Faizullah)དང་།  ཧ་ཇྷི་གྷུ་ལམ་མོ་ཧོ་མད་(Haji Ghulam Mohmad)ཡིན། ཁོང་གཉིས་ལྷ་སར་བཞུགས་ཀྱི་ཡོད། ཧ་ཇྷི་ཕ་ཨེའི་ཛུལ་ལྷ་(Haji Faizullah) ནི་༸རྒྱལ་དབང་༸སྐུ་གོང་མ་ཐུབ་བསྟན་རྒྱ་མཚོ་དང་ཐུགས་འདྲིས་ཉེ་པོ་ཡོད་མཁན་ཞིག་ཡིན། ཧ་ཇྷི་གྷུ་ལམ་མོ་ཧོ་མད་(Haji Ghulam Mohmad)ནི། བོད་ནང་གི་སིང་པའི་ཁ་ཆེ་བ་དང་། ཀཤྨིར་གྱི་ཁ་ཆེ་བའི་སྤྱི་ཚོགས་ཀྱི་རྩོད་རྙོག་ཅི་བྱུང་རྣམས་ཞི་འཇགས་ཀྱི་ཆེད་དུ་བཙུགས་པའི་འཐུས་མི་ལྔ་ལས་གྲུབ་པའི་ཚོགས་པ་དེའི་སྣེ་ཁྲིད་མཛད་མཁན་དེ་ཡིན།  ཚོགས་པ་དེ་ནི་༸རྒྱལ་མཆོག་༸སྐུ་ཕྲེང་ལྔ་པ་ཆེན་པོས་རྩ་འཛུགས་ཆོག་མཆན་ཡོད་པ་ཞིག་རེད།  ཨུསྟེན་ཝཱ་ཌིལ་(Austin Waddell) གྱིས་བརྩམས་པའི་དཔེ་དེབ་ལྷ་ས་དང་དེའི་གསང་བ་(Lhasa and its Mysteries) ཞེས་པའི་ནང་ལ་གོང་གི་ཚོགས་པ་དེ་དང་འབྲེལ་བའི་གནས་ཚུལ་འཁོད་པར་གཞིགས་ན། ལོ་ལོན་དང་། དར་མ། བག་ཕེབས་ཤིང་སྣང་བ་སྐྱིད་པའི་ལ་དྭགས་པའི་ཁ་ཆེའི་ཚོགས་པ་དེའི་མགོ་ཁྲིད་ཀྱི་ལས་ཀ་བྱེད། ཁོང་ཚོ་ཆོས་ལུགས་གཅིག་པའི་མི་སྣའི་ཁྲོད་ལ་ཁྲིམས་འགལ་གྱི་བྱ་སྤྱོད་བྱུང་ཚེ། དེ་དག་ལ་ཐག་གཅོད་ཆོག་པའི་དབང་ཆ་ཡོད་པ་ཡིན།

གོ་ཆ་(Khawja) བའི་ཁ་ཆེའི་ནང་མི་ནིི། ཤུགས་རྐྱེན་ཆེ་བའིི་ཁྱིམ་ཚང་ཞིག་ཡིན་པ་དང་། རྟག་ཏུ་༸རྒྱལ་བ་རིན་པོ་ཆེ་དང་ལྷན་འབྲེལ་འདྲིས་ཟབ་པོ་ཡོད་པ་ཞིག་ཡིན། ཧ་ཇྷི་ཨུ་མར་ཤྷེ་( Haji Umar Shah) ཡི་ཚ་བོ་གོ་ཆ་བ་སཱ་རཱཇ་ཨུ་དྷིན་(Khawja Saraj-ud-Din) དང་། གོ་ཆ་བ་མཱོ་ཧོ་མད་ཨས་སྒར་(Khawja Mohmad Asghar)དང་། གོ་ཆ་བ་ཨཱབ་དྷུལ་ཨ་ཛས་(khawja Abdul Aziz) དང་།  གོ་ཆ་བ་མཱོ་ཧོ་མད་སཧཱ་ཡིད་(Khawja Mohmad Sayeed) བཅས་ནི། ཕྱི་ལོ་༡༩༥༩ རྗེས་ལ་བོད་ནས་ཀཤྨིར་གྱི་ཕྱོགས་ལ་གཞིས་སྤོས་བྱས་ཡོད། ད་ལྟའི་༸རྒྱལ་བ་ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོས་ཁོང་རྣམས་ལྷ་སར་གནས་སྡོད་བྱ་སའི་ས་ཆ་གསོལ་རས་བསྩལ་མྱོང་།

གོ་ཆའི་ཁྱིམ་ཚང་གིས་ལ་དྭགས་ཀྱི་སླེ་གྲོང་ཁྱེར་ནས་བོད་དུ་ལོ་ཕྱག་པ་མངགས་གཏོང་གི་ལས་དོན་གོ་སྒྲིག་བྱེད་ཀྱི་ཡོད། དེ་ནི་དམིགས་བསལ་ཚོང་དོན་གྱི་ལས་དོན་ལ་ཁེ་ཕན་ཡོད་པ་ཞིག་རེད། ལོ་ཕྱག་མངགས་གཏོང་གི་ལས་གཞི་དེ་ནི།  ཕྱི་ལོ་༡༦༨༤ ལོར་བོད་ཀྱི་སྲིད་གཞུང་དང་ལ་དྭགས་ཀྱི་རྒྱལ་པོ་གཉིས་དབར་བཞག་པའི་ཆིངས་དོན་བཞིན། སླེ་ནས་ལོ་གསུམ་རེའི་མཚམས་ལ་ཐེངས་རེ་ལྷ་སར་ལོ་ཕྱག་པ་གཏང་རྒྱུ་བྱེད་པ་དེ་ཉིད་གཞི་རྩར་བྱས་པ་ཞིག་ཡིན། ཆིངས་ཡིག་དེའི་མིང་ལ་གཏིང་མོ་སྒང་གི་ཆིངས་ཡིག་ཅེས་གྲགས། ལོ་ཕྱག་པ་མངགས་གཏོང་བྱེད་པ་ནི་༸རྒྱལ་བ་རིན་པོ་ཆེར་མི་མང་གིས་ཆེད་བསྟོད་མཚོན་པ་ཞིག་དང་། བོད་ཀྱིས་ཀྱང་དེ་བཞིན་ལ་དྭགས་ཀྱི་ཕྱོགས་སུ་དོན་གཅོད་མི་སྣ་མངགས་གཏོང་བྱེད་ཀྱི་ཡོད།

བོད་དུ་གོ་ཆའི་ཁྱིམ་ཚང་ཙམ་མ་ཟད། དེ་མིན་གྱི་ལ་དྭགས་ཀྱིི་ཕྱོགས་ནས་ཕེབས་པའི་ཁ་ཆེའི་དུད་ཚང་ཁ་ཤས་ཀྱང་ཡོད།
བོད་རིགས་ཁ་ཆེ་བས་བོད་དུ་ཚོང་གི་ལས་དོན་གཉེར་གྱི་ཡོད། འབུམ་རམས་པ་ཨ་བུ་བ་ར་ཀ(Dr Abu Bakr) ས་བྲིས་པར། ཁོང་ཚོར་ལྷ་ས་ཐེ་བའི་བོད་ཀྱི་གྲོང་ཁྱེར་ཆེ་ཁག་མང་པོར་ཚོང་ཟོག་གི་མཛད་ཁང་མང་པོ་ཡོད། དེ་བཞིན་ཁ་ཆེ་བ་ཚོས་ཁེ་གཉེར་གྱི་ལས་གཞི་དཔེར་ན། ཚེམ་བུ་རྒྱག་པ་སོགས་བྱེད་ཀྱི་ཡོད་པས། སྤྱི་ཚོགས་ཚང་མའི་ནང་གིི་ཁ་ཆེ་བའི་འཚོ་བ་ནི། དཀའ་ངལ་ཉུང་བས་སྐྱིད་པོ་ཡོད།
བོད་ནང་གི་ཁ་ཆེ་བར་ཆོས་ལུགས་དད་མོས་ཀྱི་རང་དབང་ཆ་ཚང་ཡོད་པས། ཁོང་ཚོས་མེཀཱ་(Mecca) ལ་གནས་མཇལ་དང་མཆོད་འབུལ་བྱེད་པར་དགག་བྱ་བྱེད་མཁན་མེད།

བོད་དུ་བོད་མི་ཚོས་ལོ་གཅིག་གི་ནང་ནས་ཆོས་ཕྱོགས་ཀྱི་དུས་ཆེན་ཟླ་བ་(ས་ག་ཟླ་བ།)གཅིག་ཧྲིལ་པོའི་རིང་སྤྱི་ཚོགས་ནང་ཤ་ལོངས་སུ་སྤྱོད་རྒྱུར་དགག་བྱའམ་ཚད་བཀག་བྱེད་ཀྱི་ཡོད་ནའང་། བོད་རིགས་ཁ་ཆེ་བར་དེའི་རིང་དགག་བྱ་བྱེད་ཀྱི་མེད་པ་མ་ཟད། ཚོང་ཁྲལ་ལའང་དམིགས་བསལ་གུ་ཡངས་གཏོང་སྲོལ་ཡོད། དེ་དང་ཕྱོགས་མཚུངས་པར་༸རྒྱལ་བ་ལྔ་བ་ཆེན་པོས། གནས་སྟངས་ཁ་ཤས་ཀྱི་སྟེང་ལ་བོད་རིགས་ཁ་ཆེ་བར་གུ་ཡངས་གཏོང་བའི་ལམ་སྲོལ་གནང་ཡོད་པ་དེ་དག  བོད་དུ་རྒྱ་ནག་དམར་པོའི་སྲིད་གཞུང་གི་བོད་ལ་དབང་བསྒྱུར་མ་བྱེད་པར་ལག་བསྟར་རྒྱུན་སྐྱོང་གནང་ཡོད། །
ལྷ་སར་བོད་རིགས་ཁ་ཆེ་བའི་ལྷ་ཁང་བཞི་ཡོད། བོད་དུ་རིག་གནས་གསར་བརྗེའི་སྐབས་ལྷ་ཁང་དེ་དག་གཏོར་སྐྱོན་ལ་ཕྱིན་པ་རེད། ཕྱིི་ལོ་༡༩༥༩ སྔོན་ལ་བོད་དུ་བོད་རིགས་ཁ་ཆེ་བའི་འཛིན་སྐྱོང་བྱེད་པའི་སློབ་གྲྭ་གཉིས་ཡོད། སློབ་གྲྭ་དེར་ཁ་ཆེའི་ཆོས་ལུགས་ལ་འཆད་ཉན་གསན་སྦྱོང་གནང་ཐུབ་ཀྱི་ཡོད།།

མཆན།
  ༡༽ བོད་རིགས་ཁ་ཆེ་བ་ཞེས་པའི་བརྩམས་ཆོས་འདི་ནི། ལ་དྭགས་ནང་གྲགས་ཆེ་བའི་ལོ་རྒྱུས་སྨྲ་བ་དང་རྩོམ་པ་པོ་རྒན་གྲས་ཨཱབ་དྷུལ་གྷ་ནི་ཤེ་ཧྐེ་(Abdul Ghani Sheikh)ཡི་བརྩམས་ཆོས་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་(Reflections on Ladakh, Tibet and Central Asia) ནས་བོད་བསྒྱུར་བྱས།  ཁོང་ལ་ད་ལྟ་བར་དབྱིན་ཡིག་དང་ཨུར་དྷུའི་སྐད་ཡིག་གཉིས་ཀྱི་སྟེང་ནས་བརྩམས་ཆོས་བརྒྱ་ཕྲག་ཁ་ཤས་ཟིན་གྱི་ཡོད་པ་ཟད། རྒྱལ་སྤྱི་དང་རྒྱ་གར་རྒྱལ་ནང་དུ་ལ་དྭགས་ཀྱིི་སྔ་ཕྱིའི་ལོ་རྒྱུས་འཆད་ཉན་གྱི་བྱ་བ་མང་ཤོས་གནང་མྱོང་མཁན་གྱི་ཤེས་ཡིན་ཅན་ཞིག་ཀྱང་ཡིན།
༢༽ ཀློག་པ་པོ་ཚོས་གོང་འཁོད་བརྗོད་བྱར་ཁ་གསལ་མེད་པ་དང་། ཐེ་ཚོམ་གྱི་རིགས་བྱུང་ཚེ། མ་རྩོམ་དབྱིན་ཡིག་ནང་ཡོད་པ་དེར་གཟིགས་པར་ཞུས།