བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དབུ་འཛུགས།

ཧོང་ཀོང་གི་ཉི་གདུགས་གསར་བརྗེ་དང་ཐའེ་ཝན་གྱི་ཉི་མའི་མེ་ཏོག་གི་གསར་བརྗེ་སོགས་ཀྱི་སྣེ་ཁྲིད་པ་དང་མཉམ་ཞུགས་བྱེད་མཁན་དག་གཞོན་སྐྱེས་རྐྱང་ཡིན་པ་ལྟར། དེང་སྐབས་མི་རིགས་དང་རྒྱལ་ཁབ་ཀྱི་འཐབ་རྩོད་པ་དེ་ན་གཞོན་རྣམས་ཆགས་ཡོད་སྐོར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ཀྱིས་གསུངས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༤ ཉིན་གྱི་སྔ་དྲོ་ཆུ་ཚོད་༨ པའི་ཐོག་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཉིན་༥ རིང་གི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དེ་དབུ་འཛུགས་བྱས་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་དང་།  དམིགས་བསལ་སྐུ་མགྲོན་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་གི་ལོ་རྒྱུས་དགེ་རྒན་བྱམས་པ་བསམ་གཏན་དང་བྷུན་ཊར་དགེ་འོས་མཐོ་སློབ་ཀྱི་ངེས་སྟོན་པ་བཀྲིས་དོན་གྲུབ་བཅས་ཕེབས་ཡོད་འདུག

དེ་ཡང་ཝཱཎ་མཐོ་སློབ་ཀྱི་སློབ་མ་རྫ་མེ་སྟག་གིས་གནས་ཚུལ་བཏང་འབྱོར་བྱུང་བའི་ནང་གསལ་བ་ལྟར་ན། མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོས་སྣང་གསལ་མར་མེ་ཞལ་ཁ་ཕྱེས་རྗེས། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱ་གར་རྒྱལ་གླུ་རྔ་དབྱངས་བཅས་པ་བཏང་རྗེས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་གཙོ་ཨཱ་ཅརྱ་བྱམས་པ་ལྷུན་གྲུབ་ཀྱིས་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚོགས་ཞུགས་པ་དག་ལ་ཕེབས་བསུའི་གཏམ་བཤད་བྱས་ཡོད་པ་དང་། སྐབས་དེར་ཁོང་གིས་“བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་ཐོག་མར་༢༠༠༦ལོར་དབུ་བརྙེས་པ་དང་། འདིའི་དགོས་དམིགས་གཙོ་བོ་ནི་ཕྱོགས་མཐའ་ཁག་ཏུ་ཁ་འཐོར་དུ་ཡོད་པའི་སློབ་མ་དག་མཉམ་གནས་མཉམ་འཛོམས་ཡོང་ཆེད་ཡིན་པ་དང་།དེ་ནས་རིམ་པས་འགན་འཁྲི་དང་འབྲེལ་བའི་བགྲོ་གླེང་གཏམ་བཤད་གནང་རྒྱུ་བྱུང་བ་རེད། བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་ཉིད་ལ་འབོད་སྒྲ་གཉིས་ཡོད་པ་ནི། རང་ངོ་རང་ཤེས་དང་།རང་འགན་རང་འཁུར་ཡིན། ད་ལོ་འདིར་ཝཱཎ་བོད་ཀྱི་གཙུག་ལག་སློབ་ཁང་གིས་གོ་སྒྲིག་ཞུ་ཡི་ཡོད་པ་རེད། ད་ལོའི་ཚོགས་ཆེན་འདིར་གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་མཆོག་གིས་དགོངས་པ་ཆེ་བཞེས་ཐོག་རྒྱབ་སྐྱོར་མཐུན་འགྱུར་གནང་བ་དང་། གཞན་འགྲོ་གྲོན་ཕྱེད་ཀ་ཙམ་དབྱར་ཁའི་གུང་སེང་སྐབས་ཕྱོགས་མཐའ་ཁག་ནས་ཞལ་འདེབས་བསླངས་པ་རེད། བརྗོད་གཞི་བཞག་སྟངས་ཀྱི་ཐད་ནས། བརྗོད་གཞི་མ་འདྲ་༡༤ ཡི་ཐོག་ནས་བགྲོ་གླེང་དང་གྲོས་ཆོད་བཞག་རྒྱུ་རེད། བརྗོད་གཞི་དེ་དག་ཤེས་ཡོན། རྩ་དོན། འགན་འཁྲི་བཅས་ཀྱི་ནང་མ་འདུས་པ་མེད། མཉམ་ཞུགས་གནང་མཁན་གྱི་ཆ་ནས།  ཐོག་མའི་ཆ་ལ་མཐོ་སློབ་ཁག་༤༢ ཙམ་རྩིས་བརྒྱབ་ཡིན་མོད།  དངོས་སུ་ཞུགས་མཁན་མཐོ་སློབ་ཁག་༡༨ ནས་སློབ་མ་༧༠ ཙམ་ལས་ཕེབས་ཐུབ་མི་འདུག།དེ་ནི་མཐོ་སློབ་ཁག་གི་ལོ་རྒྱུགས་དང་། སློབ་མ་ཁག་གི་ཕྱག་ལས་སོགས་ཀྱི་རྐྱེན་པས་ཕེབས་ཐུབ་མེད་པ་རེད།”ཅེས་བརྗོད་ཡོད་འདུག

དེ་རྗེས་བོད་རིགས་མཐོ་རིམ་སློབ་མའི་སྤྱི་ཁྱབ་འབྲེལ་མཐུད་པ་བསྟན་འཛིན་ཕུན་ཚོགས་ཀྱིས་“མཐོ་རིམ་སློབ་མའི་གྲུབ་ཆ་གསུམ་ཡོད་པ་ནི། གོ་སྒྲིག་ཚོགས་ཆུང་། ཞིབ་འཇུག་སྡེ་ཚན། སྤྱི་ཁྱབ་འབྲེལ་མཐུད་པ་བཅས་ཡིན། གོ་སྒྲིག་ཚོགས་ཆུང་གི་ལས་འགན་གཙོ་བོ་ནི་ལོ་རེའི་ཚོགས་ཞུགས་པ་དག་ལ་འགྲོ་གྲོན་བརྒྱ་ཆ་བདུན་ཅུ་གཏང་རྒྱུ་དང་།   ཚོགས་ཆེན་གོ་སྒྲིག་ཞུ་རྒྱུ་དེ་ཡིན།ཞིབ་འཇུག་སྡེ་ཚན་གྱི་ཕྱག་ལས་གཙོ་བོ་ནིི་ལོ་རེའི་ཚོགས་ཆེན་སྐབས་བཞག་པའི་གྲོས་ཆོད་དག་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཏུ་ཕུལ་རྒྱུ་དང་།   དེས་ནུས་པ་ཅི་ཙམ་ཐོན་གྱི་ཡོད་མེད་ཐོག་ཞིབ་འཇུག་བྱ་རྒྱུ་དེ་ཡིན།    སྤྱི་ཁྱབ་འབྲེལ་མཐུད་པས་ཞིབ་འཇུག་ཚོགས་ཆུང་དང་གོ་སྒྲིག་ཚོགས་ཆུང་གི་བར་གནས་ལྟ་བུར་བྱེད་པ་དང་། ལས་འགན་གཙོ་བོ་མཐོ་སློབ་ཁག་ལ་འབྲེལ་བ་གནང་རྒྱུ་དང་།  ཚོགས་ཆེན་སྐབས་ཚོགས་པ་སྟངས་འཛིན་གནང་རྒྱུ་སོགས་ཡིན།”ཞེས་བརྗོད་ཡོད་པ་རེད།

མཛད་སྒོའི་སྐུ་མགྲོན་གཙོ་བོ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ཀྱིས་ཚོགས་བཅར་བ་ཡོངས་ལ་ཁམས་བདེའི་འཚམས་འདྲི་དང་སྦྲགས་“དེང་སྐབས་མི་རིགས་དང་རྒྱལ་ཁབ་ཀྱི་འཐབ་རྩོད་པ་དེ་ན་གཞོན་རྣམས་ཆགས་ཡོད་རེད། དཔེར་ན། ཧོང་ཀོང་གི་ཉི་གདུགས་གསར་བརྗེ་དང་ཐའེ་ཝན་གྱི་ཉི་མའི་མེ་ཏོག་གི་གསར་བརྗེ་སོགས་ཀྱི་སྣེ་ཁྲིད་པ་དང་མཉམ་ཞུགས་མཁན་དག་ནི་གཞོན་སྐྱེས་རྐྱང་རྐྱང་ཡིན་པ་ལྟ་བུ་རེད།”ཅེས་དང་།  “དེང་སྐབས་བོད་ཀྱི་སྤྱི་ཚོགས་འདིར་དངོས་ཡོད་གནས་ཚུལ་ལ་བསམ་བློ་མ་བཏང་བར་རང་བཙན་དང་དབུ་མ་ཞེས་ལྟ་ཚུལ་ལོག་པ་འཛིན་བཞིན་ཡོད། དེ་ནི་ཧ་ཅང་ནོར་འཁྲུལ་ཆེན་པོ་རེད། རང་བཙན་ནི་ང་ཚོའི་བདག་དབང་དང་ཐོབ་ཐང་ཡིན་ལ།  དབུ་མ་ནི་སྲིད་ཇུས་ཤིག་ཡིན།” ཞེས་བརྗོད་ཡོད་འདུག་པ་མ་ཟད། དམིགས་བསལ་སྐུ་མགྲོན་ལོ་རྒྱུས་དགེ་རྒན་མཁས་དབང་བྱམས་པ་བསམ་གཏན་གྱིས་མ་འོངས་པའི་བོད་རྒྱལ་ཁབ་དེ་གང་འདྲ་ཞིག་ཆགས་མིན་མཐོ་རིམ་སློབ་གཉེར་བ་རྣམས་ལ་རག་ལས་ཀྱི་ཡོད་སྐོར་སོགས་བརྗོད་ཡོད་འདུག

ཚོགས་ཆེན་གྱི་བགྲོ་གླེང་བརྗོད་གཞི་རྣམས་ནི།

༡༽མཐོ་རིམ་སློབ་མའི་ཁྲོད་ནས་ཤེས་འཇོན་གཉིས་ལྡན་གྱི་སློབ་མ་ཐོན་མཁན་ཉུང་བའི་རྒྱུ་རྐྱེན།

༢༽མི་མང་གི་རྣམ་དཔྱོད་དང་སྤྱི་སེམས་ནི་ཆིག་སྒྲིལ་གྱི་རྩ་བ་ཡིན།

༣༽གནའ་དེང་གི་ཉམས་ཞིབ་ཐབས་ལམ་གྱི་མཚུངས་བསྡུར།

༤༽དེང་དུས་བོད་ཀྱི་བུད་མེད་ཀྱི་ཤེས་ཡོན་གྱི་གནས་སྟངས་དང་འགན་འཁྲི།

༥༽ལྔ་དང་ལྔ་བཅུའི་འཆར་སྣང་གི་སྐོར།

༦༽ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ལྟ་བའི་བྱུང་རིམ་དང་དགེ་མཚན།

༧༽ཆོལ་ཁའི་སྤྱི་འཐུས་ལས་ས་གནས་སྤྱི་འཐུས་འདེམས་ན་དགེ་མཚན་ཆེ་མིན་གླེང་བ།

༨༽རིག་གནས་ནང་འདྲེན་གྱི་གལ་གནད་དང་ལོ་ཙཱ་བ་གསོ་སྐྱོང་བྱེད་ཐབས།

༩༽རྒྱ་གར་སྤྱི་ཚོགས་ཁྲོད་བོད་དོན་གོ་རྟོགས་སྤེལ་ཐབས།

༡༠༽གཞིས་ཆགས་ཁག་གི་གནས་སྟངས་དང་བོད་ཀྱི་རྩ་དོན་བར་གྱི་འབྲེལ་བ།

༡༡༽བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭ་དང་མ་འོངས་པའི་རྩ་དོན་བར་གྱི་འབྲེལ་བ།

༡༢༽བོད་མི་ཕོན་ཆེ་ནུབ་ཕྱོགས་རྒྱལ་ཁབ་ཏུ་འགྲོ་བ་དེས་མ་འོངས་བོད་མིའི་སྒྲིག་འཛུགས་ཀྱི་སྲ་བརྟན་ལ་ཉེན་ཚབས་འབྱུང་མིན་གྱི་སྐོར།

༡༣༽མཐོ་རིམ་སློབ་མས་བོད་མིའི་རྩ་དོན་དང་སྤྱི་ཚོགས་ཞབས་འདེགས་སྒྲུབ་ཐབས།

༡༤༽ མ་འོངས་པར་མཐོ་རིམ་སློབ་མའི་ཚོགས་ཆེན་ཚོགས་སྟངས་ལ་འགྱུར་བ་གང་སྟངས་དགོས་མིན་གྱི་སྐོར་བཅས་ཡིན་པ་རེད།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།