བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་བརྗོད་གཞི་གཙོ་བོ་ཤེས་ཡོན་གནས་བབ་སྐོར་ཡིན་པ།
“བོད་ཡིག་འབྲི་སྐབས་ནོར་ཆོག་གི་མེད་པ་འདྲ་བོར་བརྩིས་ན། བོད་ཡིག་བེད་སྤྱོད་བྱེད་པར་འགོག་རྐྱེན་འགྲོ་ཡི་འདུག་བསམ་གྱི་འདུག་”ཅེས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་གསུངས་སོང།
ཟླ་འདིའི་ཚེས་༢༣ ཉིན་དྷ་སའི་ཉེ་འགྲམ་གྱི་ས་རཱ་བོད་ཀྱི་མཐོ་སློབ་ཁང་དུ་“རང་ངོ་རང་ཤེས་དང་། རང་འགན་རང་ཁུར་”ཞེས་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་༡༠ དེ་འཚོག་བཞིན་ཡོད་པ་དང་། ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོོན་འགན་འཛིན་ཚེ་རིང་བསམ་གྲུབ་དང། དམིགས་བསལ་སྐུ་མགྲོན་བོད་ཀྱི་ཐེབས་རྩའི་ཇུས་སྟོན་པ་ཚེ་དབང་རིན་འཛིན། ས་རཱ་བོད་ཀྱི་མཐོ་སློབ་ཁང་གི་སློབ་སྤྱི་འཇམ་དཔལ་གྲགས་པ། དགེ་ལས་སློབ་མ། ས་གནས་ཁག་ནས་སླེབས་པའི་བོད་ཀྱི་མཐོ་རིམ་སློབ་མ་བཅས་མཉམ་ཞུགས་བྱས་སོང།
ཚོགས་ཆེན་དེའི་ཐོག་ས་གནས་ཁག་༡༣༢ ཙམ་གྱི་སློབ་མར་མགྲོན་ཤོག་བཏང་ཡོད་འདུག་ཀྱང། ལྷོ་ཕྱོགས་ཀྱི་ས་གནས་ཁ་ཤས་ལ་ཡིག་ཚད་གཏོང་བཞིན་ཡོད་པས་ཕྱིར་འཐེན་བྱེད་དགོས་བྱུང་དང་། ད་ལྟ་དངོས་སུ་ཚོགས་བཅར་བ་རྒྱ་གར་མཐོ་སློབ་ཁག་དང་བོད་ཀྱི་མཐོ་སློབ་ཁག་གི་བོད་ཀྱི་མཐོ་རིམ་སློབ་མ་དང་། དེ་བཞིན་དགོན་སྡེ་ཁག་ནས་སློབ་མ་བཅས་ཁྱོན་མི་གྲངས་༤༠ ཙམ་ཡོད་པ་དང་། མི་གྲངས་༢༥ རྒྱ་གར་ཧ་རི་ཡ་ན་མངའ་སྡེའི་རྙོག་གྲའི་རྐྱེན་གྱིས་ལམ་བར་དུ་འགག་ཡོད་ནའང་། དེ་རིང་ཉིན་རྒྱབ་ལ་སླེབས་རྒྱུ་ཡིན་པས། ཁྱོན་ཚོགས་བཅར་བ་མི་གྲངས་༦༥ ཙམ་ཡོད་འདུག
སྐབས་༡༠ པའི་ཚོགས་ཆེན་གྱི་གོ་སྒྲིག་མཐུན་ཚོགས་ཀྱི་ཚོགས་གཙོ་ཡེ་ཤེས་དཔལ་ལྡན་གྱིས། ཐེངས་འདིའི་ཚོགས་ཆེན་གྱི་བརྗོད་གཞི་གཙོ་བོ་གྲོས་མང་བྱས་རྗེས་‘བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གནས་བབ་གང་ལེགས་ཡོང་སླད། མཐོ་རིམ་སློབ་མའི་འགན་འཁུར་དང་དེའི་སྣེ་འཁྲིད་ཀྱི་བསམ་བློའི་ཁ་ཕྱོགས་’ཞེས་པ་གཏན་འབེབས་བྱས་སྐོར་འགྲེལ་བརྗོད་གནང་སོང་།
དེ་རྗེས་དམིགས་བསལ་སྐུ་མགྲོན་བོད་ཀྱི་ཐེབས་རྩའི་ཇུས་སྟོན་པ་དང་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་དང་པོའི་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས། ཚོགས་ཆེན་སྐབས་དང་པོ་དེ་ཕྱི་ལོ་༢༠༠༦ ལོར་རྒྱ་གར་ལྷོ་ཕྱོགས་མེང་ལོར་དུ་ཚོགས་པའི་ལོ་རྒྱུས་དང། སྐབས་དེར་དམིགས་ཡུལ་གཙོ་བོ་རང་ངོ་རང་ཤེས་དང་རང་འགན་རང་འཁུར་གྱི་ཐོག་ནས། དེང་དུས་དང་སྲོལ་རྒྱུན་གྱི་ཤེས་ཡོན་ཆ་མཉམ་ཐོག བོད་ཀྱི་བདེན་མཐའ་གསལ་ཚེ་བོད་འཛུགས་སྐྲུན་བྱེད་རྒྱུ། བཙན་བྱོལ་དུ་ཡོད་རིང་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་ཆེད་ཡིན་སྐོར་སོགས་འགྲེལ་བརྗོད་བྱས་སོང།
ས་རཱ་བོད་ཀྱི་མཐོ་སློབ་ཁང་གི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པས། བཙན་བྱོལ་ནང་གི་མཐོ་རིམ་སློབ་མ་རྣམས་ལ་དེང་དུས་དང་སྲོལ་རྒྱུན་རིག་གནས་གཉིས་ཀྱི་གནས་ཚད་མི་མཉམ་པས། དེ་གཉིས་མཉམ་པ་བྱེད་དགོས་པ། ཤེས་ཡོན་གྱི་དགོས་པ་ལྟོ་གོས་གཅིག་པུ་མིན་པས། ཕུགས་རྒྱང་རིང་པོར་སྤྱི་ཚོགས་ལ་ཕན་པ་སྒྲུབ་རྒྱུའི་དམིགས་ཡུལ་འཛིན་དགོས་པ་དང། དེ་བཞིན་བསམ་བློ་སྡུག་ས་ནས་གཏང་ན་བཙན་བྱོལ་བའི་དུས་ཚོད་དེ་དུས་ཚོད་སྡུག་ཤོས་དེ་ཡིན་ཡང། བློ་སྟོབས་ཀྱི་བསམ་བློ་གཏང་ན་རང་ཉིད་ཀྱི་སྙིང་སྟོབས་མ་ཞུམ་པར་འཇོན་ཐང་སྟོན་རྒྱུའི་དུས་ཚོད་ཡག་ཤོས་དེ་ཡིན་སྐོར་སོགས་གཏམ་བཤད་གནང་སོང།
མཐའ་མར་སྐུ་མགྲོན་གཙོ་བོ་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ཀྱིས། བཙན་བྱོལ་བོད་མིའི་ཤེས་ཡོན་ཆེད་དབུས་བོད་མིའི་སྒྲིག་འཛུགས་དང་བོད་ཁྱིམ། སམ་བྷོ་ཊ་སོགས་ཀྱིས་འགྲོ་སོང་མང་པོ་གཏོང་གི་ཡོད་པ། དེ་བཞིན་བོད་ཀྱི་སྐད་ཡིག་དེ་བེད་སྤྱོད་མང་པོ་བྱེད་རྒྱུ་གལ་ཆེན་ཡིན་པས། དྲ་ཐོག་ཏུ་བེད་སྤྱོད་བྱ་ཐུབ་ན་ཐོག་མར་ཡིག་ནོར་ཡོང་སྲིད་ཀྱང་རྗེས་སུ་ཡར་རྒྱས་འགྲོ་ཡི་རེད་པས། “བོད་ཡིག་འབྲི་སྐབས་ནོར་ཆོག་གི་མེད་པ་འདྲ་བོར་བརྩིས་ན། བོད་ཡིག་བེད་སྤྱོད་བྱེད་པར་འགོག་རྐྱེན་འགྲོ་ཡི་འདུག་བསམས་ཀྱི་འདུག་”ཅེས་དང། མཐོ་རིམ་སློབ་མས་སློབ་ཕྲུག་ཆུང་བར་མིག་དཔེ་དང། རིག་གཞུང་ནང་འདྲེན་སོགས་ཀྱི་ཐོག་ལ་ཞབས་ཞུ་བྱེད་དགོས་སྐོར་གསུངས་སོང།
ཚོགས་ཆེན་དེ་དང་འབྲེལ་ནས་བོད་ཡིག་དང་དབྱིན་ཡིག་གི་རྩོམ་ཡིག་འགྲན་སྡུར་བྱས་འདུག་པས། བོད་ཡིག་རྩོམ་ཡིག་ལ་འགྲན་ཞུགས་པ་༦༥ དང་དབྱིན་ཡིག་ལ་༧ ལས་བྱུང་མེད་པ་དང། འགྲན་སྡུར་གྱི་རྩེ་ཕུད་པ་རྣམས་ལ་སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་གཉིས་ཀྱིས་བྱ་དགའ་བརྩལ་སོང།
ཚོགས་ཆེན་དེ་ཉིན་བདུན་རིང་འཚོགས་རྒྱུ་ཡིན་པ་དང་དེའི་རིང་བརྗོད་གཞི་གཙོ་བོར་དམིགས་ཏེ་གཞན་ཡང་བརྗོད་གཞི་མང་པོའི་ཐོག་གྲོས་གླེང་བྱ་རྒྱུ་དང། གྲོས་ཆོད་བཞག་ནས་འབྲེལ་ཡོད་ལས་ཁུངས་ཁག་ལ་ཕུལ་རྒྱུ་དང་མཐོ་རིམ་སློབ་མའི་ཞིབ་འཇུག་ལྷན་ཚོགས་ཀྱི་གྲོས་ཆོད་ཁག་གི་ལན་འདེབས་གང་བྱུང་སྐོར་ཞིབ་འཇུག་བྱ་རྒྱུ་ཡིན་འདུག
ཚོགས་བཅར་བའི་ཁྲོད་རྒྱ་གར་བྷ་རོ་ཊར་སྲིད་དོན་ཚན་རིག་གི་གཙུག་ལག་རབ་འབྱམས་པའི་སློབ་གཉེར་བྱེད་བཞིན་པའི་བུ་མོ་ཉི་མ་གཡང་འཛོམས་ལ་བཅར་འདྲི་བྱས་པས། ཁོང་གིས་“འདི་གར་ས་གནས་མང་པོ་ཞིག་ནས་བོད་རིགས་མཐོ་རིམ་སློབ་མ་མང་པོ་འཛོམས་ཏེ། ཤེས་ཡོན་ཐོག་རང་ཉིད་ཀྱི་བསམ་བློ་གཏོང་སྟངས་དང་ལྟ་བ་འཁྱེར་ཚུལ་སོགས་ཀྱི་ཐོག་ལ་བགྲོ་གླེང་བྱེད་རྒྱུ་ཡིན་པ་ཤེས་སོང་བས། སྡིངས་ཆ་དེ་ཡག་པོར་མཐོང་ནས་ང་རང་མཉམ་ཞུགས་བྱས་པ་ཡིན་”ཞེས་དང། ཚོགས་ཆེན་གྱི་བརྗོད་གཞི་དེ་ཤེས་ཡོན་འབྲེལ་བས་ཤིན་ཏུ་ཡག་པོ་མཐོང་བ། དེ་བཞིན་མཐོ་སློབ་ཀྱི་གུང་སེང་སྐབས་ཁོང་དང་རོགས་པ་རྣམས་བོད་པའི་སློབ་གྲྭ་ཁག་ལ། ཤེས་ཡོན་གལ་ཆེན་ཡིན་པ་དང་མཐོ་སློབ་ལ་སློབ་འཇུག་བྱེད་སྟངས་སྐོར་གོ་རྟོགས་སྤེལ་བར་འགྲོ་འཆར་ཡོད་སྐོར་དང། མ་འོངས་པར་རང་ཉིད་འབུམ་རམས་པའི་སློབ་གཉེར་གྲུབ་རྗེས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་བཀའ་བློན་བྱེད་རྒྱུའི་དམིགས་ཡུལ་ཡོད་སྐོར་འགྲེལ་བརྗོད་བྱས་སོང།།
གསར་འགོད་པ་སྐལ་བཟང་དོན་གྲུབ།