བོད་རིགས་འགོ་ཁྲིད་གཉིས་ཏང་གི་སྒྲིག་ཁོངས་ནས་ཕྱིར་འཕུད་དང་ཞིབ་བཤེར་བྱེད་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་འགོ་ཁྲིད་མང་པོ་ཞིག་ལ་ལྐོག་ཟ་རུལ་སུངས་དང་ཏང་གི་སྒྲིག་ཁྲིམས་ནས་འགལ་ཡོད་ཚུལ་སོགས་བརྗོད་དེ་ཞིབ་བཤེར་དང་འཛིན་བཟུང་བཀག་ཉར་བྱེད་ཀྱི་ཡོད་པ་བཞིན། ཉེ་ཆར་བོད་ནང་གི་བོད་པའི་འགོ་ཁྲིད་གཉིས་ཏང་གི་སྒྲིག་ཁོངས་ནས་ཕྱིར་འཕུད་དང་ཞིབ་བཤེར་བྱེད་བཞིན་ཡོད་པར་བརྗོད་འདུག
ཕྱི་ཚེས་༢༥ ཉིན་བརྒྱུད་ལམ་ཁག་གི་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཟླ་༢ པའི་ཚེས་༢༣ ཉིན་རྒྱ་ནག་གཞུང་གིས་འགོ་ཁྲིད་གཉིས་ཀྱི་སྐོར་ཕྱིར་བསྒྲགས་བྱས་ཡོད་འདུག་ལ། དེ་ཡང་རྒྱ་ནག་གི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་དེ་སྔའི་州长ཁུལ་གཙོ་Qi་Jianxinདང་ཁུལ་གཙོ་གཞོན་པ་བྱང་ཆུབ་ཟེར་བ་གཉིས། ཡུན་ནན་ཞིང་ཆེན་གྱི་ཆེས་མཐོའི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཞིབ་བཤེར་བརྒྱུད། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་གཙོ་ཟུར་པ་ཆི་ཅན་ཤིན་ཟེར་བ་དེས། ཁོ་རང་གི་རྩ་དོན་དང་བསམ་བློ། དམིགས་ཡུལ་བཅས་དོར་ནས་ཏང་ལ་བློ་མི་དཀར་བ་དང་ལྷག་བསམ་རྣམ་དག་མིན་པར། ཁྲིམས་སྒྲིག་དང་འགལ་ཚབས་ཆེན་པོའི་སྒོ་ནས་ལྐོག་རྔན་བླངས་པ་དང་གོ་གནས་བེད་སྤྱོད་ཀྱིས་རང་གི་ཁེ་ཕན་སྒྲུབ་པ། ཁྲིམས་འགལ་གྱི་ལམ་ནས་ས་ཆ་རྒྱ་ཆེན་རང་གི་མིང་ཐོག་ཏུ་བླངས་པའི་དོགས་ཡོད་ཉེས་འཛུགས་བྱས་པ་དང་ཕྱོགས་མཚུངས། ཁོ་རང་རྒྱ་ནག་དམར་ཕྱོགས་ཚོགས་པའམ་གུང་ཁྲན་ཏང་གི་སྒྲིག་ཁོངས་ནས་ཕྱིར་ཕུད་ཟིན་པ་དང་། ལྐོག་རྔན་གྱི་དོགས་གཞི་ཡོད་པའི་རྒྱུ་དངོས་ཐམས་ཅད་གཞུང་བཞེས་ཀྱིས། ཞིབ་བཤེར་ཟིན་འཕྲལ་ཁྲིམས་སྒྲིག་ལྟར་ཐག་གཅོད་བྱ་ངེས་ཡིན་པ་ཕྱིར་བསྒྲགས་བྱས་འདུག་ཅིང་། དེ་བཞིན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱུན་ལས་འཐུས་མི་ཟུར་པ་དང་རང་སྐྱོང་ཁུལ་གྱི་ཁུལ་གཙོ་གཞོན་པ་ཟུར་པ་བྱང་ཆུབ་ཟེར་བས་ཀྱང་། ཁྲིམས་འགལ་གྱི་སྒོ་ནས་རྒྱུ་རྔན་བླངས་པ་དང་གོ་གནས་བེད་སྤྱོད་ཀྱིས་རང་གི་གྲོགས་པོ་ཉེ་འབྲེལ་ཚོའི་ཚོང་གི་ཁེ་ཕན་བསྒྲུབས་པ། དཔོན་ས་བེད་སྤྱོད་ཀྱིས་རང་གི་གྲོགས་པོ་དང་ཉེ་འབྲེལ་གྱི་འདོད་དོན་སྒྲུབ་མིན་སོགས་ཀྱི་སྐོར། རྩ་འཛུགས་ཀྱི་དྲི་བར་ལན་འདེབས་དྲང་པོ་མ་གནང་བའི་སྐྱོན་འཛུགས་དང་འབྲེལ། རྒྱལ་ཁབ་ཀྱི་སྲིད་ཇུས་དང་བསྟུན་པའི་ཐེབས་རྩའི་མ་དངུལ་འདྲ་མིན་ཉེ་འབྲེལ་ཚོར་ཐོབ་བཅུག་པ་དང་། ལས་འཆར་མ་དངུལ་གྱི་ཁ་ཕྱོགས་བསྒྱུར་བ། ཁྲིམས་འགལ་གྱིས་ས་ཆ་རྒྱ་ཆེན་པོ་བླངས་པ་སོགས་ཉེས་འཛུགས་བྱས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཡུན་ནན་ཞིང་ཆེན་གྱི་དམར་ཕྱོགས་ཚོགས་པའི་རྒྱུན་ལས་ལ་སྙན་ཐོ་སྤྲད་ཡོད་འདུག་པས། བྱང་ཆུབ་ཟེར་བ་དམར་ཕྱོགས་ཚོགས་པའི་སྒྲིག་ཁོངས་ནས་འཕུད་རྒྱུ་ཐག་གཅོད་དང་། ལྐོག་རྔན་བླངས་པར་དོགས་ཡོད་ཀྱི་རྒྱུ་དངོས་གཞུང་གིས་ལེན་རྒྱུ། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་དོགས་གཞིའི་ཐོག་ཞིབ་བཤེར་གྱིས། ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུ་ཡིན་པ་རྒྱ་ནག་དབུས་གཞུང་གི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་བཏོན་ཡོད་པར་བརྗོད་འདུག
ཉེ་ལམ་ནས་ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཐང་རྫོང་ནས་ཡིན་ཞིང་། བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་ལས་འགན་ཁུར་མྱོང་བ་ཕྱེ་དགྲ་ལྷ་ལའང་། རྒྱ་ནག་གཞུང་གིས་ཁྲིམས་འགལ་དང་སྒྲིག་འགལ་ཚབས་ཆེན་བྱས་པའི་ཉེས་འཛུགས་བྱས་པས་མཚོན། ཉེ་བའི་ལོ་ཤས་ནང་བོད་ཀྱི་འགོ་ཁྲིད་མང་པོ་ཞིག་ལྐོག་ཟ་རུལ་སུངས་དང་ཆབ་སྲིད་ཀྱི་བརྟན་བརླིང་སོགས་ལ་ཁ་གཡར་ཏེ། གནས་དབྱུང་དང་བཙོན་འཇུག་གི་གནས་ཚུལ་རྒྱུན་མཐུད་དུ་འབྱུང་གི་ཡོད་པ་རེད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།