བོད་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་བོད་ཀྱི་ལོ་སར་ཉིན་གྱི་ལས་འགུལ།

ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ཀྱིས་བོད་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་དུ་“ངས་ལོ་མི་སར་”ཞེས་པའི་ལས་འགུལ་དེ་ཕྱི་ཟླ་༢ ཚེས་༢༧ ཏེ། བོད་ཀྱི་ལོ་སར་ཚེས་གཅིག་ཉིན་གྱི་སྔ་དྲོའི་ཆུ་ཚོད་༩ ནས་ཕྱི་དྲོའི་ཆུ་ཚོད་༥ བར་དུ་ཨོ་གླིང་གི་རྒྱལ་ས་ཁེམ་བྷི་རའི་ནང་གྷར་རེ་མ་ཕི་ལེ་སི་(Garema place)ཟེར་བའི་རྒྱལ་ས་དཀྱིལ་མ་ནས་སྤེལ་ཡོད་པ་རེད།

17036109_1265512440229133_1248915368_oལས་འགུལ་གྱི་ངོ་བོ་བོད་རྒྱ་ནག་ཆ་ཤས་མིན་ཞེས་པའི་ཡིག་ཆ་བཀྲམ་པ་དང་ལྷན་དུ་རྒྱ་ནག་གཞུང་ལ་ཆ་རྐྱེན་གང་ཡང་མེད་པར་སྒྲུབ་དགོས་པའི་འཕྲལ་སེལ་དགོས་འདུན་དོན་ཚན་བཞི་འདོན་ཡོད་པ་རེད་པ་དང་། ལས་འགུལ་དེ་ནི་ཁོང་གིས་ལོ་ཤས་སྔོན་ནས་བོད་ཀྱི་ལོ་སར་སྐབས་རྟག་པར་སྤེལ་གྱི་ཡོད་པ་རེད།

ཐེངས་འདིའི་ལས་འགུལ་ནང་ཆབ་སྲིད་བཙོན་ཟུར་གངས་ལྗོངས་འཇིགས་མེད་གོ་ཆ་དང་གྲྭ་བསམ་དོན་ཕུན་ཚོགས་གཉིས་ལམཉམ་བཞུགས་བྱས་ཡོད་པ་རེད།

ལས་འགུལ་དེ་གོ་སྒྲིག་ལ་རྒྱབ་སྐྱོར་བྱེད་མཁན་ཁེར་བྷི་ར་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་ཆོས་སྒྲོན་དང་ཚེ་རིང་བསམ་གྲུབ། ཚེ་དབང་སོགས་ཡོད་འདུག

བསྟན་པ་དར་རྒྱས་ཀྱིས་ལས་འགུལ་སྐབས་བོད་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། བོད་ནི་ལོ་ངོ་སྟོང་ཕྲག་མང་བོར་རྒྱལ་རབས་དང་ལོ་རྒྱུས་ལྡན་པའི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ལ། ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོ་དབང་དུ་བསྡུས་མྱོང་བའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཀྱང་རེད། རྒྱལ་ཁབ་འདི་ལ་རང་རང་གི་སྐད་དང་ཡི་གེ་ཡུལ་སྲོལ་གོམས་གཤིས་སོགས་ཐུན་མོང་མ་ཡིན་པ་ཡོད་ལ།  དེ་དག་རྒྱལ་ཁབ་སུ་ཞིག་དང་མ་འདྲ་བ་མ་ཟད། རྒྱ་ནག་དང་རྩ་བ་ནས་ཐ་དད་ཡིན། ད་ལྟ་རྒྱ་ནག་གཞུང་གིས་བོད་རྒྱ་ནག་གི་ཆ་ཤས་ཡིན་ཟེར་བ་དེ་བདེན་པ་རྩ་བ་ནས་མ་རེད།

སྤྱི་ལོ་༡༩༥༡་ཟླ་ ༥ ཚེས་ ༢༣ ཡིན་རྒྱ་ནག་གཞུང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་པ་ཞིག་འདྲ་མཉམ་མ་ཡིན་པའི་བཙན་དབང་གི་སྒོ་ནས་བོད་ཀྱི་སྐུ་ཚབ་ལ་མཚན་རྟགས་བཀོད་བཅུག་པ་དང་། སྤྱི་ལོ་༡༩༥༩ ལོར་བོད་ས་ཡོངས་རྫོགས་བཙན་འཛུལ་བྱས་རྗེས། ༧གོང་ས་རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་བོད་མི་མང་གི་ཡིད་ཆེས་དང་བློ་གཏད་བཅོལ་ས། བོད་མི་ས་ཡ་དྲུག་གི་ཚབ་མཚོན་གྱི་སྲིད་གཞུང་ངོ་མ་དེ་བོད་ཀྱི་རྒྱལ་ས་ལྷ་ས་དང་ཁ་བྲལ་ནས་རྒྱ་གར་འཕགས་པའི་ཡུལ་ལ་བཙན་བྱོལ་དུ་མི་ཡོང་ཐབས་མེད་ཆགས།   དུས་དེ་ནས་བཟུང་སྟེ་རྒྱ་ནག་གཞུང་གི་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་སྡུག་རྩུབ་ཅན་གྱི་དྲག་གནོན་འོག་ལ། བོད་མི་རྣམས་ཉིན་མཚན་འཁྱོལ་དཀའ་བའི་ངང་ལ་གནས་དང་གནས་མས་ཡིན། རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱིས་བོད་བཙན་བཟུང་བྱས་བ་དེ། བོད་མི་རིགས་ཀྱིས་ངོས་ལེན་རྩ་བ་ནས་མེད་པ་མ་ཟད། ལོ་ངོ་དྲུག་བཅུ་ལྷག་གི་རིང་ལ་བོད་མི་རིགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་རྒྱུན་མ་ཆད་པ་བྱས་ཡོད། དེ་དག་ཚང་མ་རྒྱ་ནག་གཞུང་གིས་དྲག་གནོན་གཅིག་རྗེས་གཉིས་མཐུད་བྱས་ཏེ། བོད་མི་རྣམས་ཐབས་ཟད་འུ་ཐུག་ནས། བོད་གངས་ཅན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་བརྒྱ་དང་ལྔ་བཅུ་ཡིས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ། རང་ལུས་མེར་སྲེག་གཏོང་དགོས་པའི་གནས་སྟངས་ཚབ་ཆེན་དེ་ལྷག་པ་རེད།

རྒྱ་ཆེ་བའི་འཛམ་གླིང་གི་སྤུན་ཟླ་རྣམ་པ། རང་དབང་ལ་དགའ་བའི་བསམ་བློ་བ་རྣམ་པ། དྲང་བདེན་ལ་དགའ་བའི་དཔྱོད་ལྡན་པ་རྣམ་པ། འགྲོ་བ་མིའི་ཐོབ་ཐང་གཙུག་ཏུ་བཀུར་བའི་ཤེས་ལྡན་པ་རྣམ་པ། ངེད་ཁ་བ་གངས་ཅན་པའི་དྲང་ཕྱོགས་ལ་གཟིགས་དང་། དཔལ་འབྱོར་དང་སྟོབས་ཤུགས་ཀྱི་བསླུ་བྲིད་ལ་མགོ་བོ་གཏན་ནས་འཁོར་མི་ཉན་ལ། འབྱོར་མེད་དང་ཉམ་ཆུང་གི་གནས་ལུགས་ལ་རྡོག་རུལ་དེ་བས་གཏོང་མི་རུང། འདིའི་མིང་ལ་རང་ཉིད་ཀྱི་མི་གཞི་ལ་རང་ཉིད་ཀྱིས་བདག་པོ་བརྒྱབ་ཟེར་ན་ལོས་འགྲིག། ང་ཚོ་ཚང་མ་རང་དབང་དང་དྲང་བདེན་ལ་དགའ་བ་གཅིག་མཚུངས་ཡིན། འགྲོ་བ་མིའི་རང་དབང་དང་དྲང་བདེན་གྱི་ཆེད་དུ། ཁྱེད་ཚོས་སུ་ཞིག་ལ་མགོ་བོ་མི་སྒུར་བ་ང་ལ་ཡིད་ཆེས་ཡོད།  ཁྱེད་ཚོས་བློ་གཟུ་བོའི་ངང་ནས་བོད་ཀྱི་གནས་ཚུལ་ལ་རྒྱུས་ལོན་རེ་བྱོས་དང་། ད་བཟོད་ངའི་སྐད་ཆ་འདི་དག་བདེན་པ་ཡིན་མིན་རྟོགས་ཐུབ་ཅེས་བསྒྲགས་ཡོད་པ་རེད།

 

ལས་འགུལ་སྐབས་རྒྱ་ནག་གཞུང་ལ་ཆ་རྐྱེན་གང་ཡང་མེད་པར་སྒྲུབ་དགོས་པའི་འཕྲལ་སེལ་དགོས་འདུན་དོན་ཚན་བཞི་བཏོན་ཡོད་པ་དང་། ༡ རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས།

༢ པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་ཡོད་ཚད་གློད་གྲོལ་གཏོང་དགོས།

༣ བོད་ནང་གི་དངོས་ཡོད་གནས་སྟངས་གང་ཡིན་རྒྱུས་ལོན་ཕྱིར་རྒྱལ་སྤྱིའི་རང་དབང་ལྡན་པའི་ཚོགས་སྡེ་དང་། གསར་འགོད་པ་སོགས་བོད་ནང་ལ་གཏོང་དགོས།

༤ སྤྱི་ལོ་༢༠༡༦ ཟླ་ ༧ ཚེས ༢༠ ཉིན་རྒྱ་ནག་གཞུང་གིས་འཆར་གཞི་དང་གྲ་སྒྲིག་ཡོད་པའི་སྒོ་ནས་བོད་ནང་གི་དགོན་སྡེ་ཆེ་ཤོས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གཏོར་གཤིས་གཏོང་བཞིན་པ་དེ་ངེས་པར་དུ་མཚམས་འཇོག་དགོས།

གསར་འགོད་པ་ཆོས་ཉིད་འོད་ཟེར།