བོད་རྒྱ་ཞི་མོལ་ལ་ལྟ་བ་ཞེས་པའི་བོད་བསྒྱུར་དཔེ་དེབ་དབུ་འབྱེད།

ཟླ་འདིའི་ཚེས་༡༨ ཉིན་གྱི་ཕྱི་དྲོ་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་<<བོད་རྒྱ་ཞི་མོལ་ལ་ལྟ་བ་>> ཞེས་པའམ་ཡེ་ནས་བྱུང་མྱོང་མེད་པའི་བོད་རྒྱ་ཞི་མོལ་ཞེས་པའི་དཔེ་དེབ་བོད་བསྒྱུར་བྱས་པའི་དབུ་འབྱེད་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

དེབ་དེ་ནི་བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས་ཡོད་པ་དང་། བོད་རིག་པའི་མཁས་པ་ཀོ་ལོ་ཌི་ཨར་པཱི་(Claude Arpi) ཡིས་དབྱིན་ཡིག་ཐོག་བརྩམས་པ་དང་། བོད་ཀྱི་དཔེ་མཛོད་ཁང་གི་རྩོམ་སྒྱུར་སྡེ་ཚན་གྱི་ལས་བྱེད་ཡེ་ཤེས་དོན་གྲུབ་ཀྱིས་བོད་བསྒྱུར་བྱས་པ་ཞིག་རེད།

བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་གྱིས། “བོད་ཀྱི་གནད་དོན་སྐོར་བོད་པ་རང་ཉིད་ཀྱི་ལྟ་ཚུལ་ཁོ་ནར་གཙིགས་སུ་མི་འཛིན་པར། ཕྱི་རྒྱལ་བ་ཚོས་ཉམས་ཞིབ་བྱས་པའི་བསམ་ཚུལ་རྣམས་ཤེས་རྟོགས་བྱེད་རྒྱུ་གལ་ཆེན་ཡིན་པར་བརྟེན། བོད་ཀྱི་དཔེ་མཛོད་ཁང་ནས་ཕྱི་རྒྱལ་མཁས་པ་ཚོའི་བརྩམས་ཆོས་རྣམས་བོད་འགྱུར་བྱ་རྒྱུར་འབད་བརྩོན་བྱས་དང་བྱེད་མུས་ཡིན་”ཞེས་བོད་མི་ཚོས་དེབ་ཀློག་རྒྱུར་དོ་སྣང་དགོས་སྐོར་གསུངས་སོང་།

བོད་བསྒྱུར་བྱེད་མཁན་གྱིས། “དེབ་དེའི་ནང་དོན་གཙོ་བོ་ལོ་རབས་བདུན་ཅུའི་མཇུག་ཙམ་ནས་བཙན་བྱོལ་བོད་གཞུང་དང་རྒྱ་ནག་གཞུང་དབར་འབྲེལ་བ་བྱུང་བ་ནས་བཟུང་ཕྱི་ལོ་༢༠༡༠ བར་ཕྱོགས་གཉིས་དབར་ལ་འབྲེལ་བ་ཇི་ལྟར་ཡོད་མེད་དང་། འབྲེལ་བ་ཆད་མཐུད་བྱུང་ཚུལ། ཕྱོགས་སོ་སོའི་ལངས་ཕྱོགས། བོད་རྒྱ་ཞི་མོལ་ཐད་རྒྱ་གར་དང་ཨ་རི་གཉིས་ཀྱི་ལྟ་ཚུལ་དང་སྲིད་ཇུས་གང་འདྲ་བཟུང་ཡོད་མེད། བོད་རྒྱ་ཞི་མོལ་གྱི་འདས་པ་དང་མ་འོངས་པའི་ཐད་རྩོམ་པ་པོ་རང་ཉིད་ཀྱི་དགོངས་ཚུལ་གསལ་པོ་གླེང་ཡོད་པ་རེད་”ཅེས་ངོ་སྤྲོད་གནང་སོང་།

ཉིན་དེའི་སྐུ་མགྲོན་གཙོ་བོ་ཤེས་རིགས་བཀའ་བློན་གྱིས་དཔེ་དེབ་བོད་བསྒྱུར་བྱེད་རྒྱུ་གལ་ཆེན་ཡིན་སྐོར་དང་བོད་ཀྱི་སྐད་ཡིག་རྒྱལ་སྤྱིའི་ནང་ཉེན་ཁར་སླེབས་ཡོད་སྐོར་དང་འབྲེལ་ནས་གསུང་དོན། “རྒྱལ་སྤྱིའི་ཐོག་ནས་སྐད་ཡིག་སྐོར་ལ་སྙན་ཐོ་བཏོན་པའི་ནང་སྐད་ཡིག་སྟོང་ཕྲག་དྲུག་ཡས་མས་ཡོད་པ་དང་། སྐད་ཡིག་བརྒྱ་སྐོར་ཞིག་ཤེས་མཁན་མི་རྒན་པ་རེ་གཉིས་ལས་མེད་པས། ལོ་བཅུ་གྲངས་ནང་སྐད་ཡིག་དེ་ཚོ་མེད་པ་ཆགས་རྒྱུ་རེད། སྐད་ཡིག་སྟོང་ཕྲག་དྲུག་ཡོད་པ་ལས། དེའི་བརྒྱ་ཆ་བཞི་བེད་སྤྱོད་གཏོང་མཁན་འཛམ་གླིང་གི་མི་འབོར་དུང་ཕྱུར་བདུན་ཅུ་ལས་བརྒྱ་ཆ་དགུ་བཅུ་གོ་དྲུག་གིས་བེད་སྤྱོད་གཏོང་གི་ཡོད་པ་དང་། སྐད་ཡིག་སྤྱིའི་བརྒྱ་ཆ་དགུ་བཅུ་གོ་དྲུག་བེད་སྤྱོད་གཏོང་མཁན་མི་འབོར་གྱི་བརྒྱ་ཆ་བཞི་ལས་མེད་པ་རེད་”ཅེས་བོད་པའི་སྐད་ཡིག་ལ་དོ་སྣང་དགོས་སྐོར་གསུངས་སོང་།

ཁོང་གིས་དེབ་དེའི་སྐོར་གསུང་དོན། “དེབ་དེ་བོད་བསྒྱུར་བྱས་པ་ཡག་པོ་རེད། དེ་བོད་བསྒྱུར་རྗེས་བོད་པའི་ནང་བགྲོ་གླེང་ཡོང་ས་རེད་ལ། བགྲོ་གླེང་མང་པོ་ཡོང་ན་ཡག་པོ་རེད། ཁོང་གིས་གསུངས་པའི་ནང་དབུ་མའི་ལམ་གྱི་ཐོག་ནས་ཞི་མོལ་དེ་ཡོང་རྒྱུར་རེ་བ་དེ་སྟོང་པ་འདྲ་ཆགས་ཀྱི་ཡོད་པའི་བཟོ་ཡོད་རེད། དེ་ཚོ་བགྲོ་གླེང་གི་རྒྱུ་ཆ་རེད་ལ། ཁོ་རང་གིས་རྒྱུ་མཚན་འདྲ་མང་པོ་བཤད་ཡོད་རེད། མཐའ་མ་དེར་ཁོང་གིས་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་ཞི་མོལ་དེ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་དགོས་པ་རེད་ཟེར་སོགས་ཡོད་རེད། རྩོམ་པ་པོ་ཁོ་རང་༧གོང་ས་སྐྱབས་མགོན་ཆེན་པོར་དད་གུས་ཆེན་པོ་དང་བོད་པར་རྒྱབ་སྐྱོར་ཤ་ཚ་ཡོད་མཁན་ཞིག་རེད། དེ་ཚོའི་ཐོག་དོ་སྣང་བྱས་ཏེ། བགྲོ་གླེང་གནང་ན་ཕན་ཐོགས་ཡོང་གི་རེད་”ཅེས་གསུངས་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར།