བོད་རྒྱ་འབྲེལ་མོལ་འཐུས་ཤོར་འགྲོ་ཡི་ཡོད་པ་མ་རེད།
ཟླ་འདིའི་ཚེས་༤ ཉིན་གྱི་སྔ་དྲོ་སྲིད་སྐྱོང་བློ་བཟང་སེངྒེས་རྒྱ་གར་ལྷོ་ཕྱོགས་ཀ་ཎ་ཊ་ཀ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་གཞིས་སྒར་མོན་གྷོ་འདོད་རྒུ་གླིང་དུ་གཞུང་འབྲེལ་ཐོག་འཚམས་གཟིགས་གནང་བ་དང། ཁོང་ལ་ཆེ་བསྟོད་གཟེངས་རྟགས་ཤིག་ཀྱང་ཕུལ་ཡོད་པ་རེད།
དེ་ཡང་ཉིན་དེའི་ཞོགས་པ་ཆུ་ཚོད་ ༥་༣༠ ཙམ་གྱི་ཐོག་ཧོབ་ལི་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚུགས་སུ་འབྱོར་སྐབས། མོན་གྷོ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་གཞོན། མོན་གྷོ་ས་གནས་འགོ་འཛིན། ས་གནས་བོད་རང་དབང་བདེན་པའི་ལས་འགུལ་ཁང་གི་ཚོགས་གཙོའི་ལས་ཚབ་དང་། མཉམ་འབྲེལ་ཚོགས་གཙོ་དང་། དྲུང་ཆེ་སོགས་ཀྱིས་ཕེབས་བསུ་ཞུས་ཡོད་པ་རེད།
སྔ་དྲོ་ཆུ་ཚོད་༩ པའི་ཐོག མོན་གྷོར་མི་མང་ཚོགས་ཁང་ནང་མི་མང་ལ་གཏམ་བཤད་གནང་སྐབས། ཐོག་མར་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་གིས་སྲིད་སྐྱོང་གཞུང་འབྲེལ་ཐོག་ཆེད་ཕེབས་གནང་དགོས་དོན་སྐོར་སོགས་གསུང་བཤད་དང་འབྲེལ་མོན་གྷོ་ས་གནས་འགོ་འཛིན་ལས་ཁུངས་མ་ལག་དང་བཅས་ཀྱི་ལོ་འཁོར་རྩིས་ཁྲ་སྙན་སྒྲོན་ཞུས་ཡོད་པ་རེད།
མོན་གྷོར་ས་གནས་འཐུས་ཚོགས་སྐབས་ ༩ པའི་ཚོགས་དུས་དང་པོའི་ཐོག་སྲིད་སྐྱོང་བློ་བཟང་སེངྒེ་ལ་ཆེ་བསྟོད་གཟེངས་རྟགས་ཤིག་འབུལ་རྒྱུ་མང་མོས་ཐག་གཅོད་བྱུང་བ་བཞིན་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་ཡོད་པ་རེད། གྲོས་ཆོད་ཡིག་ཆའི་ནང་འཁོད་དོན། “སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེ་མཆོག་ནི་སྲིད་སྐྱོང་གི་འགན་དབང་བཞེས་མཁན་མི་རབས་གསར་པ་ཐོག་མ་དེ་ཡིན་པ་དང་། ཁོང་གིས་སྲིད་སྐྱོང་འགན་དབང་བཞེས་པའི་ལོ་དུས་རིང་རང་ཅག་རྣམས་ཀྱི་ཁོག་པའི་སྙིང་དང་། ལྟ་བའི་མིག་ལྟ་བུ་༧སྤྱི་ནོར ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་ལས་དོན་ཚགས་ཚུད་གནང་བར་བརྟེན། མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་སེར་སྐྱ་མི་མང་ཡོངས་ནས་དཔལ་ལྡན་མི་དབང་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་ལ་ལེགས་གསོལ་གཟེངས་བསྟོད་འབུལ་ལམ་ཡོང་རྒྱུ་”ཞེས་སོགས་འཁོད་ཡོད་པ་རེད།
དེ་ནས་སྲིད་སྐྱོང་གིས་སྣེ་ཁྲིད་པའི་ད་ལྟའི་བར་བཀའ་ཤག་སྐབས་བཅུ་བཞི་པའི་ཕྱག་ལས་གང་གནང་ཡོད་པའི་སྐོར་དང་འབྲེལ་དབུ་མའི་ལམ་གྱི་སྲིད་ཇུས་སྐོར་ལ་གསུང་བཤད་གནང་དོན། “ད་ལྟའི་བོད་ནང་གི་གཞིས་ལུས་མི་མང་ཚོ་ལ་རྒྱ་ནག་གཞུང་གིས་ངོས་ནས་ཆབ་སྲིད་ཀྱི་དམ་དྲག་འོག་ལ། དཔལ་འབྱོར་གྱི་དབྱེ་འབྱེད། ཁོར་ཡུག་གཏོར་བཅོམ། རིག་གཞུང་རྩ་གཏོར་བྱེད་བཞིན་པ་བཅས་ཀྱི་གནས་སྟངས་འོག་དཀའ་སྡུག་སྣ་ཚོགས་མྱངས་དང་མྱོང་བཞིན་པའི་གནས་སྟངས་དེ་ཡར་རྒྱས་འགྲོ་ཆེད་མིང་དོན་མཚུངས་བའི་རང་སྐྱོང་བྱུང་བ་ཡིན་ན། བོད་ནང་གི་གཞིས་ལུས་མི་མང་ལ་ཆབ་སྲིད་དང་དཔལ་འབྱོར་སོགས་ཁྱོན་ཡོངས་ཀྱི་གཞི་རྩའི་རང་དབང་གི་གནས་སྟངས་ལ་འགྱུར་བ་བཏང་ནས་གཞིས་ལུས་མི་མང་གི་དཀའ་ངལ་སེལ་ཐུབ་པ་ཡིན་ན། ང་ཚོ་ལ་མིང་དོན་མཚུངས་པའི་རང་སྐྱོང་བྱུང་ན་ང་ཚོ་རྒྱ་ནག་དང་ཁ་བྲལ་རྒྱུ་མིན་ཞེས་ལབ་ཀྱི་ཡོད་པ་དེ་དབུ་མའི་ལམ་གྱི་སྲིད་བྱུས་རེད་”ཅེས་དང་། “དབུ་མའི་ལམ་དེ་རྒྱ་ནག་མཉམ་དུ་འབྲེལ་མོལ་བྱ་རྒྱུའི་ཐབས་ལམ་ཞིག་རེད་ཅེས་མིང་བཏག་གི་ཡོད་པ་རེད། འབྲེལ་མོལ་མ་བྱུང་བ་ཡིན་ན་ལམ་ལ་མ་སོང་བའི་བཟོ་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག དེ་སྔ་ཡིན་ན་སྐུ་ཚབ་ཡོད་པའི་ཐོག་ནས་འབད་བརྩོན་གནང་གི་ཡོད་པ་རེད། ཉེ་བའི་ཆ་ནས་སྐུ་ཚབ་མེད་པའི་ཐོག་ནས་འབད་བརྩོན་གནང་གི་ཡོད་པ་རེད། ཡིན་ན་ཡང་སྐུ་ཚབ་ཡོད་མེད་གང་ལྟར་ཀྱང་བོད་གཞུང་གི་ལངས་ཕྱོགས་དེ་གསལ་བོ་ཞེ་དྲག་རེད། དེ་སྔ་དང་ད་ལྟ་གཉིས་ཆར་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གཉིས་བར་འབྲེལ་མོལ་གནང་གི་ཡོད་པ་རེད། དེ་འདྲ་ཡིན་དུས་༧གོང་ས་མཆོག་ཡིན་ན་ཡང་སྔོན་མ་དང་ད་ལྟའི་ཆར་གཉིས་ཐུགས་སྣང་གནང་བཞིན་ཡོད་པ་རེད། ༧གོང་ས་མཆོག་གིས་ཐུགས་སྣང་གནང་བཞིན་པར་བོད་རྒྱ་འབྲེལ་མོལ་འཐུས་ཤོར་འགྲོ་ཡི་ཡོད་པ་མ་རེད། དེ་འདྲ་སོང་བོད་རྒྱ་འབྲེལ་མོལ་གང་འདྲ་འགྲོ་ཡི་ཡོད་ན་བསམ་ནས་ཐུགས་ཁྲལ་རྩ་བ་ནས་གནང་དགོས་ཡི་མ་རེད་ལ། འབད་བརྩོན་སྔར་ལྷག་གནང་བཞིན་ཡོད་པ་མ་ཟད་འཐུས་ཤོར་རྩ་བ་ནས་སོང་མེད་”ཅེས་སྲིད་སྐྱོང་གིས་འགྲེལ་བརྗོད་གནང་སོང་།
ཁོང་གིས་མུ་མཐུད་ནས་དབུ་མའི་ལམ་གྱི་ཁེ་ཕན་དང་འབྲེལ་བའི་སྐོར་ལ་གསུང་དོན། “དབུ་མའི་ལམ་ག་རེ་རེད། རྒྱ་ནག་དང་མཉམ་དུ་འབྲེལ་མོལ་བྱས་ནས་བོད་དོན་དཀའ་ངལ་སེལ་རྒྱུ་ཡིན་ཟེར་བ་དེ་རེད། ཡིན་ན་ཡང་དེ་གཅིག་པུ་མིན་པར་དེ་དང་འབྲེལ་ཁེ་ཕན་ཟེར་ན་རེད། ཐབས་ཇུས་གཏིང་ཟབ་པོ་ཞེ་དྲག་རེད། ཐད་གར་ཁེ་ཕན་མང་པོ་ཞེ་དྲག་ཡོད་པ་རེད། དཔེར་ན་ཐའེ་ཝན་གྱི་རང་བཙན་རྩོད་ཀྱི་ཡོད་པར་བརྟེན། ཐའེ་ཝན་གྱི་སྲིད་འཛིན་རྒྱ་གར་དང་ཨ་རིས་མཚོན་རྒྱལ་ཁབ་གཞན་དག་ནང་ཕེབས་ཐུབ་ཀྱི་ཡོད་པ་མ་རེད། ང་ཚོའི་གནས་སྟངས་ལ་གཟིགས་དང་༧གོང་ས་མཆོག་སྨོས་མེད་ཐོག་སྲིད་སྐྱོང་གཙོས་བཀའ་བློན་རྣམ་པ་ཨ་རི་དང་ཡོ་རོབ་གཙོས་རྒྱ་ཁབ་ཁག་གི་ནང་འགྲོ་ཆོག་ཆོག་རེད། གང་ཡིན་ཟེར་ན་རྒྱ་ནག་གཞུང་གིས་ཁ་བྲལ་རེད་ཟེར་གྱི་ཡོད་པ་རེད་དེ་ང་ཚོ་དབུ་མའི་ལམ་གྱི་ཐོག་ནས་ང་ཚོར་མིང་དོན་མཚུངས་པའི་རང་སྐྱོང་སྤྲད་ན་རྒྱ་ནག་དང་ཁ་བྲལ་གྱི་མིན་ཟེར་གྱི་ཡོད་ཙང་ང་ཚོ་ག་བར་འགྲོ་འགྲོ་རེད། ཁ་ཤས་ཀྱིས་ང་ཚོའི་རང་བཙན་བརྩད་ནས་མཁྲེགས་ཤིག་བྱེད་རྒྱུ་ཡོད་པ་མ་རེད་དམ་ཟེར་མཁན་ཡོད་པ་རེད། ཤིན་ཅང་དང་ཁ་ཆེ་སོགས་ཀྱི་ནང་མཁྲེགས་ཤིག་བྱེད་མཁན་ཡོད་པ་རེད། ཡིན་ན་ཁོང་ཚོ་དང་ང་ཚོའི་གཉིས་ཀྱི་གནས་སྟངས་ཁྱད་པར་གང་འདྲ་ཡོད་མེད་མཁྱེན་དགོས་པ་གལ་ཆེན་པོ་རེད་”ཅེས་སོགས་གསུངས་སོང་།
ཡང་ཁོང་གིས་ཆིག་སྒྲིལ་ཐོག་གྲུབ་འབྲས་གང་འདྲ་ཐོན་ཡོད་མེད་ཐོག་གསུང་དོན། “ཆིག་སྒྲིལ་གྱི་མཚོན་རྟགས་ཆེ་ཤོས་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་རེད། ཁོང་གིས་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་འཛམ་གླིང་གང་དུ་སོང་ན་བོད་པ་ཚོར་རྒྱབ་སྐྱོར་གནང་གི་ཡོད་པ་མ་ཟད་མགོ་བཀྱགས་ནས་འགྲོ་ཆོག་པའི་གནས་སྟངས་རེད། ༧གོང་ས་མཆོག་གིས་སྐུ་དབང་སྲིད་སྐྱོང་ལ་འགན་གནང་བ་ནས་བཟུང་ལོ་རྒྱུས་མཐུད་ཀྱི་ཡོད་པ་རེད་ལ། སྲིད་ཀྱི་འགན་དབང་ཡོངས་སྲིད་སྐྱོང་གིས་སྣེ་ཁྲིད་པའི་བོད་གཞུང་ངམ་སྒྲིག་འཛུགས་ལ་ངོས་ལེན་ཡོད་ཅེས་རྒྱ་གར་གཞུང་གིས་མཚོན་པའི་རྒྱལ་སྤྱིའི་ཡོངས་ཀྱི་ཐོག་ནས་ངོས་ལེན་ཡོད་ཅེས་གྲོས་ཆོད་འཇོག་ཐུབ་པ་བྱུང་ཡོད། དེ་བཞིན་གཞུང་མང་གཉིས་སེམས་ཐག་ཉེ་རུ་གཏོང་ཆེད་སྲིད་སྐྱོང་གིས་སྣེ་ཁྲིད་པའི་བཀའ་བློན་རྣམ་པ་གཞིས་ཆགས་ཁག་ལ་འཚམས་གཟིགས་གང་མང་ཕེབས་ནས་གཞུང་མང་བར་སེམས་ཐག་སྔར་ལྷག་ཉེ་པོ་བཟོ་ཐུབ་པ་བྱུང་ཡོད། ལྷག་པར་དུ་གཞུང་མང་ཚོགས་ཆེན་དང་དམིགས་བསལ་ཛ་དྲག་ཚོགས་ཆེན་བཅས་བསྡུ་བསྐོང་གནང་ནས་བསམ་ཚུལ་བསྡུ་རུབ་ཀྱི་མཚོན་ཆིག་སྒྲིལ་གྱི་ནུས་པ་གང་མཚམས་ཐོན་ཡོད་པར་ངོ་འཛིན་བྱེད་ཀྱི་ཡོད། དེ་བཞིན་སྲིད་སྐྱོང་གི་མིང་ཐོག་ནས་སློབ་གྲྭ་ཁག་དང་རྒན་གསོ་ཁང་། སྤྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མི་བཅས་སུ་དུས་ནས་དུས་སུ་ཐུགས་འཕྲད་གང་མང་གནང་བ་བཅས་ཀྱི་མཚོན་མདོར་ན་རྒྱལ་སྤྱིའི་རྒྱབ་སྐྱོར་གནང་ཕྱོགས་དང་བོད་ཕྱི་ནང་གི་བོད་མི་ཚོས་འཕྱར་གྲུ་མཉམ་འདེགས་དང་རྡོག་རྩ་གཅིག་སྒྲིལ་ཐོག་ཕྱག་ལས་གནང་ཕྱོགས་བཅས་རྡོག་རྩ་ཆིག་སྒྲིལ་གྱི་གནས་བབས་སྔར་ལྷག་ཚད་མཐོ་རུ་འགྲོ་ཡོད་”ཅེས་སོགས་གསུངས་སོང་།
དེ་བཞིན་གསར་བཏོད་ཀྱི་ཐོག་ནས་དཔེར་ན་༢༠༡༣ ལོའི་གྲོས་ཚོགས་ཀྱི་སྔོན་རྩིས་གཏན་འབེབས་ཀྱི་ཚོགས་འདུའི་སྐབས་སུ་བཀའ་ཤག་ལ་གསར་བཏོད་ཀྱི་ལས་གཞི་ལས་འཆར་བརྒྱ་དང་གསུམ་འདུག་ཅེས་གསུང་གནང་བ་གཞིར་བཟུང་གིས་གྲོས་ཚོགས་ནང་བཀའ་ཁྲོལ་ཐོབ་ཡོད་པ་རེད། གང་ལྟར་ཁྱད་ལས་མི་སྣ་གསོ་སྐྱོང་དང་སློབ་གྲྭར་སློབ་ཡོན་ཕུལ་ཕྱོགས། སློབ་ཕྲུག་ཚོས་ལོ་རེ་ནས་ལོ་རེ་བརྒྱ་ཆ་མཐོན་པོ་ལེན་གྱི་ཡོད་པས་མཚོན་མདོར་ན་ཤེས་རིག་དང་དཔལ་འབྱོར་འཕྲོད་བསྟེན་སོགས་གང་ཅིའི་ཐོག་ནས་ལས་གཞི་གང་མང་ཞིག་གསར་བཏོད་གནང་ཡོད་”ཅེས་དང་།
“རང་ཁ་རང་གསོ་ཐོག་ནས་ཡིན་ན་ཡང་ཨ་རིའི་མཚོན་པས་རྒྱལ་ཁབ་མང་པོའི་ནང་རྒྱ་བལ་འབྲུག་གསུམ་ནང་གི་བོད་པའི་ཆེད་དུ་དམིགས་བསལ་རྩིས་འགོ་འདོན་ཐུབ་ཡོད་པའི་མཚོན། མདོར་ན་ཆབ་སྲིད་དང་ཤེས་ཡོན་སོགས་ཕྱོགས་གང་ཐད་ནས་འཐུས་ཤོར་སོང་མེད་ཅེས་སོགས་གསུངས་སོང་། དེ་ནས་མི་མིང་གིས་དྲི་བ་དང་འབྲེལ་གསུང་དོན། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དང་མོན་གྷོ་ས་གནས་གཉིས་ཀྱི་ནང་བོད་ནས་གསར་འབྱོར་བ་ཚོར་སྡོད་ཁང་དང་ས་ཆ་སོགས་ཀྱི་ཆེད་ནང་སྲིད་ལྷན་ཁང་ནས་འབུམ་དྲུག་བཅུའི་རེའི་བཀའ་ཁྲོལ་ཐོབ་ཡོད་པ་མ་ཟད་ལས་འཆར་འགོ་འཛུགས་གྲབས་ཡོད་སྐོར་ཡང་འགྲེལ་བརྗོད་གནང་སོང་།
ཉིན་རྒྱབ་མོན་གྷོ་གཏན་སློབ་དབུས་མ་དང་། ཡན་ལག་སློབ་གྲྭའི་དགེ་སློབ་ཡོངས་ལ་སྲིད་སྐྱོང་གིས་གསུང་བཤད་ལམ་སྟོན་གནང་ཡོད་པ་རེད། དགོང་དྲོའི་ཆུ་ཚོད་༦ པའི་ཐོག་དགའ་ལྡན་ཤར་བྱང་གྲྭ་ཚང་གཉིས་དང་། སྔར་འགྱུར་རྙིང་མ་དགོན་པ་བཅས་ཀྱི་འདུས་མང་ཡོངས་ལ་གསུང་བཤད་དང་འབྲེལ་བཀའ་ཤག་སྐབས་བཅུ་བཞི་པའི་ཆབ་སྲིད་དང་དཔལ་འབྱོར་། ཤེས་ཡོན་བཅས་ཀྱི་ཐོག་ལས་དོན་གང་གནང་ཡོད་མེད་དང་ལྷག་པར་གྲུབ་འབྲས་གང་བྱུང་ཡོད་མེད་བཅས་ཀྱི་ཐོག་གསུང་བཤད་དང་དྲི་བ་དྲི་ལན་གནང་ཡོད་པ་རེད།
ཚེས་༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨་ ༣༠ཙམ་གྱི་ཐོག་འབྲས་སྤུངས་ཚོགས་ཆེན་འདུ་ཁང་ནང་དུ་བློ་གསལ་གླིང་གྲྭ་ཚང་དང་། སྒོ་མང་གྲྭ་ཚང་། ས་སྐྱ་གྲྭ་ཚང་། སྟག་ཚང་རྭ་སྟོད་གྲྭ་ཚང་བཅས་ཀྱི་འདུས་མང་ཡོངས་ལ་སྲིད་སྐྱོང་གི་བཀའ་སློབ་ལམ་སྟོན་དང་། དྲི་བ་དྲི་ལན་གནང་ཡོད་པ་རེད། ཉིན་རྒྱབ་ཆུ་ཚོད་༢ པའི་ཐོག་མོན་གྷོ་ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་ནང་མོན་གྷོ་ས་གནས་འཐུས་ཚོགས་དང་ས་གནས་འགོ་འཛིན་ལས་ཁང་གི་ཁྱབ་ཁོངས་ཀྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་མཛད་གཙོ་རྣམ་པ་ཡོངས་ལ་བཞུགས་མོལ་འཚོགས་འདུ་ཞིག་འཚོགས་སོང་ལ། ཉིན་དེའི་དགོང་མོ་མོན་གྷོ་ས་གནས་ཚོགས་སྡེ་ཁག་ཉེར་ལྔ་ནས་གསོལ་ཚིགས་འདེགས་འབུལ་གྲུབ་རྗེས་ཐེངས་འདིའི་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་གྲུབ་སྟེ་དྷ་སར་ཕེབས་ཡོད་པ་རེད།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།