བོད་རྒྱ་འོག་ཏུ་ཤོར་ནས་རྒྱ་དཀར་ནག་གི་ས་མཚམས་སུ་རྩོད་རྙོག་བྱུང་བ་རེད།
ཟླ་འདིའི་ཚེས་༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་ཨ་རིའི་ལྷོ་ཕྱོགས་ཀྱི་མངའ་སྡེ་རུ་ཡོད་པའི་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་བྷུ་ཤི་བསྟི་གནས་ཁང་དུ། བོད་དེ་ང་ཚོའི་འཛམ་གླིང་ཧྲིལ་པོར་ཇི་ཙམ་གལ་འགངས་ཆེའམ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་རེད།
དེ་ཡང་གསུང་བཤད་དེ་ཨ་རིའི་སྲིད་འཛིན་པ་བྷུ་ཤི་བསྟི་གནས་ཁང་དང་Southern Methodist University ཞེས་པའི་གཙུག་ལག་སློབ་གཉེར་ཁང་གི་ནང་ཆབ་སྲིད་ཐོག་སློབ་སྦྱོང་གནང་བཞིན་པའི་ཇོན་ John Goodman Tower Center དང་། Crow Collection of Asian Art ཞེས་པ་བཅས་ཀྱིས་གོ་སྒྲིག་བྱས་པ་ཞིག་ཡིན་འདུག
ཐོག་མར་སྲིད་སྐྱོང་གིས་ཨ་རིའི་སྲིད་འཛིན་ཟུར་པ་བྷུ་ཤི་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ཐུགས་འདྲིས་ཧ་ཅང་ཆེ་བ་དང་བོད་མི་རྣམས་ཀྱི་གྲོགས་པོ་བཟང་པོ་ཞིག་ཡིན་སྐོར་གསུངས་པ་དང་། ཁོང་གིས་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། “རྒྱ་གཞུང་གིས་དྲག་སྤྱོད་ཁོ་ནའི་ཐོག་ནས་བོད་ཀྱི་ས་ཆའི་སྟེང་གི་ཧ་ཅང་ཕྱུག་པའི་གཏེར་ཁ་ཁག་སྔོག་འདོན་དང་། དེ་བཞིན་ཤིང་ནགས་གཅོད་བྲེག་སོགས་ཀྱི་དྲག་པོའི་སྲིད་བྱུས་ལག་བསྟར་བསྟུད་མར་བྱེད་བཞིན་ཡོད། བོད་ཀྱི་ས་ཁྱོན་གྱི་ཚད་གཞི་ཧ་ཅང་ཆེན་པོ་ཡོད། རྒྱ་ནག་གཞུང་གིས་བོད་ནང་རིན་ཆེན་གཏེར་ཁ་གསེར་དངུལ་ཟང་ལྕགས་སོགས་ཁྱོན་གཏེར་རྫས་རིགས་མི་འདྲ་བ་ ༡༢༣ ཙམ་ཡོད་པ་འགྲེལ་བརྗོད་བྱེད་བཞིན་ཡོད། དེར་བརྟེན་རྒྱ་གཞུང་གིས་བོད་ནི་ནུབ་ཕྱོགས་པའི་གཏེར་མཛོད་ཁང་ཡིན་ཞེས་བརྗོད་ཀྱི་ཡོད། ཁོང་ཚོས་དེ་ལྟར་བརྗོད་པའི་རྒྱུ་མཚན་ནི་མིའི་བདག་ཏུ་མ་འགྱུར་བའི་རང་བྱུང་ལྷན་སྐྱེས་ཀྱི་གཏེར་ཁ་ཕྱུག་པ་ཡོད་པ་དེ་ཡིན། བོད་ཀྱི་ཁོར་ཡུག་དེ་འཛམ་གླིང་ཧྲིལ་པོར་ཇི་ཙམ་གལ་ཆེ་སྐོར་ཞུས་པ་ཡིན་ན། ཨེ་ཤི་ཡའི་ནང་རྒྱུག་པའི་རྒྱུག་ཆུ་ཆེ་ཁག་གི་འབྱུང་ཁུངས་གཙོ་བོ་ནི་མཐོ་སྒང་བོད་ནས་འབྱུང་བཞིན་ཡོད་པ་དང་། ལྷག་པར་བོད་ནི་འཛམ་གླིང་འདིའི་སྟེང་འཁྱགས་རོམ་གྱི་བང་མཛོད་གསུམ་པ་དེ་ཆགས་ཡོད། དེང་སྐབས་མཐོ་སྒང་བོད་ཀྱི་འཁྱགས་རོམ་གྱི་ཞུར་ཚད་མྱུར་དུ་འགྲོ་བཞིན་ཡོད་པར་བརྟེན།འཛམ་གླིང་མི་འབོར་ས་ཡ་མང་པོའི་འཚོ་གནས་དང་འབྲེལ་བ་ཆེན་པོ་ཆགས་ཡོད་སྟབས་མི་མང་པོའི་འཚོ་གནས་ཐད་དཀའ་ངལ་ཡང་འཕྲད་སྲིད་པ་ཡིན། ཉེ་ཆར་ཁོར་ཡུག་ཉམས་ཞིབ་པ་ཚོས་ཞིབ་འཇུག་བྱས་པའི་ལམ་ནས་མ་འོངས་པར་ཆུའི་དཀའ་ངལ་དབང་གིས་ཆུའི་གནད་དོན་ཐོག་དམག་འཁྲུག་ལངས་སྲིད་ཀྱི་རེད་ཅེས་བརྗོད་ཀྱི་ཡོད། གང་ཡིན་ཟེར་ན་འཁྱགས་རོམ་གྱི་མཛོད་ལྟ་བུ་སྣེ་གཉིས་པོ་རིམ་པས་ཞུར་ཏེ་མཐར་རྒྱ་མཚོའི་ནང་རྒྱུག་འགྲོ་བ་དང་། དེར་བརྟེན་བོད་མཐོ་སྒང་སྟེ་འཁྱགས་རོམ་གྱི་སྣེ་གཞི་གསུམ་པར་འགྱུར་བའི་ཆུར་བརྟེན་ནས་འཚོ་མཁན་མི་འབོར་ས་ཡ་མང་པོའི་འཚོ་གནས་དང་འབྲེལ་བ་ཡོད་སྟབས། ཆུ་འདང་མིན་དབང་གིས་རྩོད་རྙོག་ཡོང་སྲིད་པ་ཡིན་”ཞེས་གསུངས་ཡོད་པ་རེད།
སྲིད་སྐྱོང་བློ་བཟང་སེང་གེས་མུ་མཐུད་ཆུའི་གནས་སྟངས་སྐོར་གསུང་དོན། “འཛམ་གླིང་གི་མི་འབོར་བརྒྱ་ཆ་༡༩ ཙམ་རྒྱ་ནག་ནང་ཡོད་ཁོངས་ནས་བརྒྱ་ཆ་༡༡ ནས་༡༢ བར་གྱི་མི་རྣམས་ལ་འཐུང་ཆུ་གཙང་མ་ལོངས་སུ་སྤྱོད་ཐུབ་པ་ལས་གཞན་བརྒྱ་ཆ་༧ དང་༨ ཙམ་ལ་འཐུང་ཆུ་མ་འདང་པའི་དཀའ་ངལ་འཕྲད་ཀྱི་ཡོད། དེ་བཞིན་ལྷོ་ཨེ་ཤི་ཡའི་ཁོངས་སུ་གཏོགས་པའི་རྒྱ་གར་དང་བྷང་ལ་དེ་ཤི་བཅས་ཀྱི་ནང་འཐུང་ཆུ་ལ་སོགས་པའི་ཆུའི་གནས་སྟངས་ཧ་ཅང་གི་ཛ་དྲག་ཆགས་ཡོད་པ་མ་ཟད། ཆུ་དཀོན་པའི་རྐྱེན་གྱིས་ཞིང་ལས་ཀྱི་ལོ་ཏོག་སྐམ་པོར་འགྱུར་བ་ལ་བརྟེན་ནས་དེ་སྔོན་ཞིང་པ་མང་པོ་ཞིག་རང་སྲོག་ཀྱང་བཅད་དགོས་པ་བྱུང་ཡོད། བོད་དང་ཧི་མཱ་ལ་ཡ་གཉིས་ནི་འཁྱགས་རོམ་གྱི་སྣེ་མོ་གཉིས་ཕུད་པའི་འཁྱགས་རོམ་གྱི་བང་མཛོད་གསུམ་པ་ལྟ་བུ་ཞིག་ཆགས་ཡོད་སྟབས། དེ་གཉིས་ནི་ཧ་ཅང་གི་གནད་འགག་ཆེན་པོ་ཆགས་ཡོད། འཁྱགས་རོམ་གྱི་གནས་གཞི་ལྟ་བུ་མཐོ་སྒང་བོད་དེ་བཞིན་དེང་སྐབས་གོ་ལའི་ཚ་དྲོད་རྐྱེན་པས་འཁྱགས་རོམ་དེ་དག་ཞུར་ཚད་མྱུར་པོ་འགྲོ་གི་ཡོད་པར་བརྟེན་ཧ་ཅང་ཛ་དྲག་གི་གནས་བབས་ཤིག་ཏུ་འགྱུར་ཡོད། ཉེ་བའི་ལོ་རབས་འགའ་ཤས་ནང་མཐོ་སྒང་བོད་དང་ཧི་མཱ་ལ་ཡའི་འཁྱགས་རོམ་གྱི་བརྒྱ་ཆ་༥༠ ཙམ་བཞུར་ཟིན་པ་དང་། ཕྱི་ལོ་ ༢༠༥༠ ནང་མཐོ་སྒང་བོད་ཀྱི་འཁྱགས་རོམ་བརྒྱ་ཆ་༥༠ བཞུར་རྒྱུ་ཡིན་པའི་ཨ་རིའི་ནཱ་ས་NASA ཞེས་པས་ཚོད་དཔག་བྱས་ཡོད། མཐོ་སྒང་བོད་ཀྱི་འཁྱགས་རོམ་དེ་དག་ནི་འཛམ་གླིང་ས་ཕྱོགས་འདྲ་མིན་དུ་རྒྱུག་པའི་ཆུ་བོ་ཆེན་པོ་དེ་དག་གི་ཆུའི་འབྱུང་ཁུངས་ཆགས་ཡོད་”ཅེས་གསུངས་ཡོད་པ་རེད།
བོད་མཐོ་སྒང་ས་བབ་གནས་སྟངས་སྐོར་གསུང་བཤད་གནང་དོན། “ལོ་ངོ་མང་པོའི་རིང་བོད་ནི་རྒྱ་དཀར་ནག་གཉིས་ཀྱི་བར་གནས་སུ་གནས་ཏེ་ས་བབས་ཀྱི་སྲི་ཞུ་ཡང་དག་པ་ཞིག་བསྒྲུབས་ཡོད། འོན་ཀྱང་བོད་རྒྱ་མིས་བཙན་བཟུང་བྱས་པ་ནས་བཟུང་གནས་སྟངས་དེ་རྩ་ཡལ་དུ་སོང་ཡོད། རྒྱུ་མཚན་དེར་བརྟེན་མཐར་རྒྱ་དཀར་ནག་གཉིས་ཕན་ཚུན་ངོ་གཏུག་གིས་མཐར་རྒྱ་གར་ས་མཚམས་སུ་རྩོད་རྙོག་གི་དཀའ་ངལ་འཕྲད་པ་རེད། རྒྱ་གཞུང་གིས་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་དེས་གླིང་ཆེན་ཨེ་ཤི་ཡའི་ཁྱོན་དུ་ཆབ་སྲིད་ཀྱི་སྲིད་བྱུས་གསལ་པོ་མེད་པ་ཞིག་འཛིན་བཞིན་ཡོད། སྤྱིར་ལོ་ངོ་མང་པོའི་རིང་རྒྱ་བོད་གཉིས་དབར་ཕན་ཚུན་ཆིངས་ཡིག་བཞག་པ་སོགས་ཀྱིས་བོད་དེ་བཞིན་ལོ་རྒྱུས་ཐོག་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་རུང་། ད་སྐབས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནི་བོད་མི་འཐབ་རྩོད་ཀྱི་འགོ་ཁྲིད་མཁན་དེ་ཡིན་ཞིང་། སྒྲིག་འཛུགས་འདིས་མ་འོངས་བོད་ཀྱི་རྩ་དོན་དེ་ཉིད་དབུ་མའི་ལམ་གྱི་ཐོག་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་ཤིག་རྩོད་ཀྱི་ཡོད། ཐབས་ལམ་དེ་ནི་འཚེ་བ་མེད་པ་དང་། དྲང་བདེན་ལ་གཞི་བཅོལ་ནས་བོད་རྒྱ་མི་རིགས་གཉིས་ཀར་ཕན་པའི་གཉིས་སྨན་གྱི་ལམ་བུ་ཞིག་ཆགས་ཡོད་”ཅེས་སོགས་གསུངས་ཡོད་པ་རེད།
ཐེངས་འདིའི་གསུང་བཤད་ཐོག་འགྲོ་བ་མིའི་རང་དབང་(Director of Human Freedom) གི་ངེས་སྟོན་པ་སྐུ་ཞབས་ཌེ་ཝིཊ་ཆེ་ནིཊ་ཛར་(David Schnetzer) བྷུ་ཤི་བསྟི་གནས་ཁང་ནས་སྐུ་ཞབས་ཧོ་ལི་ཀུ་ཛི་མི་ཆི་(Holly Kuzmich) ཌི་ན་རོ་ནི་(Dina Rooney) མེཌ་རོ་ན་(Matt Rooney) སོགས་གནད་ཡོད་མི་སྣ་ཁག་ཕེབས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།